སྟོན་པའི་མདོ།
དཱ་བིད་ཀྱི་སྲས་ཡེ་རུ་ཤ་ལེམ་གྱི་རྒྱལ་པོ་སྟོན་པ་ལགས་པའི་གཏམ་རྒྱུད་ནི།
 སྙིང་པོ་མེད་པ་རྣམས་ཀྱི་སྙིང་པོ་མེད་པ། ཞེས་སྟོན་པས་གསུང་། སྙིང་པོ་མེད་པ་རྣམས་ཀྱི་སྙིང་པོ་མེད་པ། ཐམས་ཅད་སྙིང་པོ་མེད་པའོ།  མིས་ཉི་མའི་འོག་ཏུ་འཁུར་བའི་དཀའ་ལས་ཐམས་ཅད་ཀྱི་དོན་དུ་ཁེ་ཅི་རྙེད།  མི་རབས་ཤིག་འདའ། གཞན་མི་རབས་ཤིག་འབྱུང་། ས་གཞི་ནི་རྟག་ཏུ་གནས།  ཉི་མ་ཡང་འཆར། ཉི་མ་ཡང་ཡོལ། རང་གང་ནས་ཤར་བའི་གནས་སུ་ཚ་དྲག་གིས་འགྲོ།  རླུང་ནི་ལྷོ་ཕྱོགས་སུ་རྒྱུག ཡང་ཕྱིར་ལོག་ནས་བྱང་ཕྱོགས་སུ་འཁོར། རྒྱུན་དུ་བསྐོར་བ་སྐོར་ཞིང་། རང་གི་འཁོར་ལུགས་བཞིན་དུ་རང་གནས་སུ་འཁོར།  ཆུ་ཀླུང་ཚང་མ་རྒྱ་མཚོར་རྒྱུག་རུང་། རྒྱ་མཚོ་དེ་མི་གང་། ཆུ་བོ་དག་འཐོན་པའི་གནས་དེ་ཉིད་དུ་སླར་ཡང་ཕྱིར་ལོག་འགྲོ།  དངོས་པོ་ཐམས་ཅད་སུན་པོས་གང་སྟེ། མིས་བརྗོད་མི་ཐུབ་པ་དང་། མིག་གིས་ལྟ་བས་མི་ཆོག་པ་དང་། རྣ་བས་ཐོས་པས་མི་འགེངས་པ་ཙམ་མོ།  གང་བྱུང་ཟིན་པ་དེ་ནི་ཡང་འབྱུང་བར་འགྱུར། གང་བྱས་ཟིན་པ་དེ་ནི་ཡང་བྱེད་པར་འགྱུར། ཉི་མའི་འོག་ན་གསར་བ་ཅིའང་མེད། ༡༠ ལྟོས་འདི་ནི་གསར་པའོ་ཞེས་སྨྲ་ནུས་པ་ཅི་ཞིག་ཡོད་དམ། དེ་ནི་ངེད་ལས་གོང་དུ་སྔ་མའི་དུས་ལ་ཡང་ཡོད་པ་ཡིན། ༡༡ སྔ་མ་རྣམས་ཀྱི་དྲན་བྱེད་ནི་མེད། འབྱུང་རྒྱུ་དག་ཀྱང་། དེ་དག་གི་རྗེས་སུ་འབྱུང་བ་རྣམས་ཀྱིས་དྲན་པར་མི་འགྱུར་རོ༎
༡༢ སྟོན་པ་བདག་ནི་ཡེ་རུ་ཤ་ལེམ་དུ་ཨིས་ར་ཨེལ་གྱི་རྒྱལ་པོར་ཡོད་པ་ལས། ༡༣ ནམ་མཁའི་འོག་ན་བྱེད་པའི་བྱ་བ་ཐམས་ཅད་འཚོལ་བ་དང་། བརྟག་པ་ལ་སྙིང་བཏད་པས། དཀོན་མཆོག་གིས་མིའི་བུ་རྣམས་ལ་སྦྱོང་རྒྱུར་གནང་བའི་དཀའ་ལས་དེ་ནི་སྡུག་བསྔལ་རབ་ཏུ་ཆེ་བའོ། ༡༤ ངས་ཉི་མའི་འོག་ན་བྱེད་པའི་ལས་ཐམས་ཅད་མཐོང་བས། ལྟོས། ཐམས་ཅད་སྙིང་པོ་མེད་པ་དང་། རླུང་ལ་འདེད་པ་སྟེ། ༡༥ འཁྱོག་པོ་ཡིན་པ་སྲོང་མི་ནུས། མེད་པ་དེ་རྩི་བར་མི་ནུས།
༡༦ རང་གི་སྙིང་བཏང་ནས། ལྟོས། བདག་ལས་གོང་དུ་ཡེ་རུ་ཤ་ལེམ་དུ་ཡོད་པ་ཐམས་ཅད་ལས་ཀྱང་ཡེ་ཤེས་ལྷག་པར་རྙེད་བྱུང་། འོན་ངའི་སྙིང་ལ་ཡེ་ཤེས་དང་ཤེས་རབ་ཀྱི་ནང་ན་ཉམས་ལེན་ཐོབ་བྱུང་ཟེར་ནས། ༡༧ ཡེ་ཤེས་རྟོགས་པ་དང་། སྨྱོ་འབོག་དང་། གཏི་མུག་ཅི་ཡིན་རྟོགས་སུ་སྙིང་བཏང་པ་དང་། འདི་རང་ཡང་རླུང་ལ་འདེད་པ་ལས་མིན་པ་གོ་བྱུང་། ༡༨ དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་མང་ན་སྙིང་ཚེར་མང་། བློ་གྲོས་སྤེལ་བས་སེམས་སྡུག་སྤེལ༎