ངས་རང་གི་སྙིང་ལ་འདི་སྐད་དུ། ད་ཤོག་དང་། ངས་ཁྱོད་འདོད་ཡོན་གྱིས་དཔྱོད་པར་བྱ་སྟེ། སྐྱིད་པར་བྱོས་ཤིག་བྱས་ཀྱང་། འདི་ལ་ཡང་སྙིང་པོ་མེད།  ངས་དགོད་འཛུམ་ལ། སྨྱོན་པའོ་དང་། དགའ་སྤྲོ་ལ། བྱེད་ཅི་བྱེད་སྨྲས་པ་ཡིན།  གནམ་འོག་ཏུ་མིའི་བུས་རང་གི་ཚེ་གང་ཅི་བྱེད་པ་དེའི་ནང་ན་ཕན་ཐོགས་ཅི་ཡོད་པ་མ་རྟོགས་པའི་བར་དུ། ངའི་སྙིང་ལ་ཡེ་ཤེས་ཁོང་དུ་ཆུད་དེ། བློ་རྨོངས་པ་དེ་དབང་དུ་འགུག་པའི་དོན་དུ། རྒུན་ཆང་གིས་ལུས་སྐྱིད་པའི་སྐོར་རང་གི་སྙིང་དུ་རྩད་བཅད་པ་ཡིན།  ངས་ལས་ཆེན་པོ་རྣམས་བྱས་ཏེ། རང་གི་ཕྱིར་ཕོ་བྲང་རྣམས་བཞེངས། རྒུན་ཚལ་རྣམས་བཙུགས།  ངས་རང་གི་དོན་ལ་ཚལ་དང་སྐྱེད་མོས་ཚལ་རྣམས་བཟོས་ཏེ། དེ་དག་གི་ནང་དུ་རྩི་ཤིང་གི་རིགས་མཐའ་དག་བཙུགས།  ངས་ནགས་ཚལ་གྱི་ལག་ར་རྣམས་ལ་ཆུ་གཏོང་བའི་ཆེད་དུ་རྫིང་བུ་རྣམས་ཀྱང་བཟོས།  ངས་བྲན་པོ་དང་བྲན་མོ་རྣམས་ཉོས་ནས། རང་གི་ཁྱིམ་དུ་བཙས་པའི་བྲན་པོ་རྣམས་ཀྱང་ཡོད་དེ། བདག་ལས་གོང་དུ་ཡེ་རུ་ཤ་ལེམ་ན་བྱུང་བ་ཀུན་ལས་ཀྱང་བདག་ལ་ཕྱུགས་དང་། ར་ལུག་གི་ཁྱུ་ལྷག་པར་དུ་ཆེ་བ་ཡོད་པ་ཡིན།  ངས་གསེར་དངུལ་དང་། རྒྱལ་པོ་དང་སྡེ་རྣམས་ཀྱི་གཏེར་མཛོད་རྣམས་ཀྱང་། རང་གི་ཕྱིར་བསགས་པ་ཡིན། གླུ་མཁན་ཕོ་མོ་རྣམས་དང་། མིའི་བུའི་ཡིད་དུ་འོང་བའི་བཙུན་མོ་དང་བྱན་ཆུང་རྣམས་ཀྱང་རང་གི་ཕྱིར་བསྡུས་པ་ཡིན།  དེ་ལྟར་ཁོ་བོ་ཆེན་པོ་དང་། བདག་ལས་གོང་དུ་ཡེ་རུ་ཤ་ལེམ་ལ་བྱུང་བ་ཀུན་ལས་ཀྱང་ལྷག་པར་དུ་དར་ཏེ། ངའི་ནང་དུ་རང་གི་ཡེ་ཤེས་ཀྱང་མལ་དུ་ལུས་སོ། ༡༠ ཡང་ངས་རང་གི་མིག་ལ་རན་ཚད་གང་ཡང་མ་བཞག་སྟེ། སྐྱིད་པོ་གང་ལས་ཀྱང་རང་གི་སྙིང་བཀག་པ་མ་ཡིན། དེ་ཅིའི་ཕྱིར་ཞེ་ན། ངའི་སྙིང་རང་གི་ལས་ཐམས་ཅད་ལ་དགའ་མགུ་ཞིང་། འདི་ནི་ངས་དཀའ་ལས་བྱས་པ་ཐམས་ཅད་ཀྱི་ཟ་སྐལ་ཡོད་པ་ཡིན། ༡༡ དེ་ནས་ངས་རང་གི་ལག་པས་བྱས་པའི་ལས་ཐམས་ཅད་དང་། ངས་དཀའ་ལས་བྱས་པའི་ལས་རྣམས་ལ་བལྟས་པ་དང་། ཀྱེ་ཧོ། དེ་ཐམས་ཅད་སྙིང་པོ་མེད་པ་དང་། རླུང་ལ་འདེད་པའོ། ཉི་མའི་འོག་ཁེ་སྤོགས་ཅིའང་མེད།
༡༢ དེ་ནས་ངས་ཡེ་ཤེས་དང་། སྨྱོ་འབོག་དང་། གཏི་མུག་གི་ཕྱོགས་སུ་བློ་བསྒྱུར་བ་ཡིན། གང་ལ་ཞེ་ན། སྔར་ནས་བྱས་ཟིན་པ་དེ་མ་གཏོགས་པར། རྒྱལ་པོའི་རྗེས་སུ་འབྱུང་རྒྱུའི་མིས་ཅི་བྱེད་པར་ནུས། ༡༣ དེ་ནས་ཅི་ཙམ་མུན་པ་ལས་འོད་དྲག་པ་ལྟར། བློ་རྨོངས་པ་ལས་ཡེ་ཤེས་རབ་ཏུ་དྲག་པ་ཡང་ངས་མཐོང་། ༡༤ མཁས་པའི་མིའི་བུ་དེ་སྤྱན་དང་ལྡན། གླེན་པ་དེ་མུན་པའི་ནང་དུ་འགྲུལ། འོན་ཀྱང་དེ་ཐམས་ཅད་ཀྱི་ཐོག་ཏུ་འབྱུང་རྒྱུ་ནི་གཅིག་པ་ཞིག་རང་འབྱུང་བར་ངས་རྟོགས་པ་དང་། ༡༥ ངས་སྙིང་ལ་འདི་སྐད་དུ། གླེན་པ་ལ་འབྱུང་བ་ཁོ་ན་བཞིན་དུ། བདག་ཉིད་ལའང་འབྱུང་འོང་བས། བདག་ཅིའི་ཕྱིར་རབ་ཏུ་མཁས་པ་བྱུང་། ཡང་ངས་རང་གི་སྙིང་ལ། འདི་ལ་ཡང་སྙིང་པོ་མེད། ཅེས་སྨྲས་པ་ཡིན། ༡༦ དེ་ཅིའི་ཕྱིར་ཞེ་ན། གླེན་པ་ལས་ལྷག་པར་མཁས་པའང་དུས་རྟག་ཏུ་དྲན་པར་མི་བྱ་སྟེ། གང་ལྟར་ཞེ་ན། ད་ལྟ་ཡོད་པ་ཐམས་ཅད་ཕྱི་མའི་ཉིན་ལ་རྗེད་པར་འགྱུར། ཧའེ། ཧའེ། གླེན་པ་ལྟར་མཁས་པ་ཡང་འཆི། ༡༧ དེའི་རྐྱེན་གྱིས་ཐམས་ཅད་སྙིང་པོ་མེད་པ་དང་། རླུང་ལ་འདེད་པ་སྟེ། ཉི་མའི་འོག་ཏུ་བྱེད་པའི་ལས་ནི་སྡུག་བསྔལ་དུ་རིག་པས། ཚེ་ལ་ངས་སྡང་བ་ཡིན་ནོ༎
༡༨ དེ་མ་ཟད། ཉི་མའི་འོག་ན་ངས་བྱས་པའི་ལས་ཐམས་ཅད་ལའང་སྡང་བ་ཡིན། དེ་ཅིའི་ཕྱིར་ཞེ་ན། ངའི་རྗེས་སུ་འབྱུང་རྒྱུའི་མིའི་དོན་དུ་དེ་རྣམས་ཀྱང་འཇོག་དགོས་པའི་ཕྱིར་རོ། ༡༩ ཡང་དེ་ནི་མཁས་པའམ་གླེན་པ་འབྱུང་བ་སུས་ཤེས། འོན་ཀྱང་ངས་དཀའ་ལས་བྱས་པའི་ལས་ཐམས་ཅད་དང་། གང་གི་དོན་དུ་ངས་ཉི་མའི་འོག་ཏུ་རང་གི་རིག་རྩལ་བསྟན་པ་ནི། དེས་དབང་བར་འགྱུར་བས་ན། འདི་ལ་ཡང་སྙིང་པོ་མེད་དོ། ༢༠ དེའི་ཕྱིར་ཉི་མའི་འོག་ཏུ་ངས་འབད་པའི་ལས་ཐམས་ཅད་ལ་ཡི་ཆད་དུ་སྙིང་བསྒྱུར་པ་ཡིན། ༢༡ དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་དང་། བློ་གྲོས་དང་། རིག་རྩལ་གྱིས་རང་གི་ལས་བྱེད་པའི་མི་ཞིག་ཡོད་ན་ཡང་། དེའི་དོན་དུ་ལས་གང་ཡང་མ་བྱས་པའི་མི་ཞིག་གི་ནོར་སྐལ་དུ་འགྱུར་བའི་ཕྱིར་རོ། དེ་ནི་འཇོག་པར་དགོས་པས་ན། འདི་ལ་ཡང་སྙིང་པོ་མེད་དེ། རྐྱེན་ངན་ཆེན་པོ་ཞིག་གོ། ༢༢ གང་ལ་ཞེ་ན། མིས་ཉི་མའི་འོག་ཏུ་དཀའ་ལས་བྱས་པའི་ལས་ཐམས་ཅད་དང་། སྙིང་འཁྲུགས་བྱེད་བྱེད་པའི་ནང་ནས་ཅི་རྙེད། ༢༣ ཅི་ལ་ཞེ་ན། ཁོ་ལ་ཚེ་གང་སྡུག་བསྔལ་དང་། དེའི་འབད་རྩོན་མྱ་ངན་ཡིན་ཏེ། དེའི་སྟེང་དུ་ཁོའི་སྙིང་མཚན་མོར་ཡང་མི་དལ་བས། འདི་ལ་ཡང་སྙིང་པོ་མེད་དོ༎
༢༤ དེ་བས་ན་ཟ་བ་དང་། འཐུང་བ་དང་། རང་གི་ལས་ཀྱི་ནང་ན་སྐྱིད་ཅིང་སེམས་གཡེངས་པ་ལས་ལྷག་པར་དྲག་པ་ཞིག་མི་ལ་མེད་དེ། དེ་ཡང་དཀོན་མཆོག་གི་ཕྱག་གིས་གནང་བར་ངས་མཐོང་བ་ཡིན། ༢༥ དེ་ཅིའི་ཕྱིར་ཞེ་ན། ཁོང་དང་འབྲལ་ནས་སུས་ཟ་ཞིང་ལོངས་སྤྱོད་པར་ནུས། ༢༦ དཀོན་མཆོག་གི་སྤྱན་སྔར་བཟང་པོ་ཡོད་པའི་མི་ལ། ཁོང་གིས་ཤེས་རབ་དང་། བློ་གྲོས་དང་། སེམས་བདེ་གནང་གིས། སྡིག་ཅན་ལ་ཅི་གནང་ཞེ་ན། སོག་པ་དང་། ཕུང་པོར་སྡུད་པའི་སྡུག་བསྔལ་སྦྱིན་པར་མཛད། དཀོན་མཆོག་ཐུགས་མཉེས་པ་ལ་དེ་ནོར་སྐལ་དུ་གཏོང་བའི་ཕྱིར་རོ། འདི་ལ་ཡང་སྙིང་པོ་མེད་དེ། རླུང་ལ་འདེད་པའོ༎