ཅི་ཡོད་པ་ཐམས་ཅད་ལ་དུས་ཤིག་ཡོད། གནམ་འོག་གི་ལས་དོན་རེ་རེ་ལ་དུས་ཚོད་ཅིག་ཡོད།  སྐྱེ་དུས་ཤིག་ཡོད། ཤིང་འཛུག་དུས་ཤིག་ཀྱང་ཡོད། བཙུགས་པ་དེ་འབོག་དུས་ཤིག་ཀྱང་ཡོད།  སྲོག་བཅོད་དུས་ཤིག་ཀྱང་ཡོད། གསོ་བར་བྱེད་དུས་ཤིག་ཀྱང་ཡོད། རྟིབ་དུས་ཤིག་ཀྱང་ཡོད།  ངུ་དུས་ཤིག་ཀྱང་ཡོད། དགོད་དུས་ཤིག་ཀྱང་ཡོད། སྨྲེ་ངག་འདོན་དུས་ཤིག་ཀྱང་ཡོད། གར་རྩེ་དུས་ཤིག་ཀྱང་ཡོད།  རྡོ་དབྱུག་དུས་ཤིག་ཀྱང་ཡོད། རྡོ་སྒྲུག་དུས་ཤིག་ཀྱང་ཡོད། མགུལ་ནས་འཁྱུད་དུས་ཤིག་ཀྱང་ཡོད། འཁྱུད་པ་འབོར་དུས་ཤིག་ཀྱང་ཡོད།  འཚོལ་དུས་ཤིག་ཀྱང་ཡོད། སྟོར་དུས་ཤིག་ཀྱང་ཡོད། འཇོག་དུས་ཤིག་ཀྱང་ཡོད། འདོར་དུས་ཤིག་ཀྱང་ཡོད།  ཧྲལ་དུས་ཤིག་ཀྱང་ཡོད། འཚེམ་དུས་ཤིག་ཀྱང་ཡོད། ཁ་རོག་སྡོད་དུས་ཤིག་ཀྱང་ཡོད། གླེང་དུས་ཤིག་ཀྱང་ཡོད།  བྱམས་པོ་བྱེད་དུས་ཤིག་ཀྱང་ཡོད། འཁོན་དུ་འཛིན་དུས་ཤིག་ཀྱང་ཡོད། འཐབ་མོའི་དུས་ཤིག་ཀྱང་ཡོད། བཟང་སྒྲིག་གི་དུས་ཤིག་ཀྱང་ཡོད།
 མིས་འབད་པའི་རང་གི་ལས་ཀྱི་ནང་ནས་ཁེ་ཅི་རྙེད། ༡༠ ངས་དཀོན་མཆོག་གིས་མིའི་བུ་རྣམས་ལ་སྦྱོང་རྒྱུར་གནང་བའི་དཀའ་ལས་ཀྱང་མཐོང་བྱུང་། ༡༡ ཁོང་ཉིད་ཀྱི་དུས་ལ་དངོས་པོ་ཐམས་ཅད་མཛེས་པོར་བཀོད། དེ་དག་གི་སྙིང་གི་ནང་དུ་ཐོག་མཐའ་མེད་པ་དེ་བཞག་པར་མཛད་ནའང་། དཀོན་མཆོག་གིས་ཐོག་མ་ནས་མཐའ་མའི་བར་དུ་མཛད་པའི་མཛད་པ་ནི་བརྟག་པར་མི་ནུས་སོ། ༡༢ མི་རྣམས་དགའ་ཞིང་གསོན་རིང་བར་དུ་བཟང་པོ་བྱེད་པ་ལས་དྲག་པ་ཞིག་དེ་ཚོའི་ནང་ན་མེད་པར་ངེས་པར་རྟོགས་བྱུང་། ༡༣ དེས་མ་ཟད། མི་རེ་ཡིས་ཟ་ཞིང་འཐུང་བ་དང་། རང་གི་ལས་ཐམས་ཅད་ཀྱི་འབྲས་བུ་ལ་སྤྱོད་པའི་རིགས་སོ། འདི་ནི་དཀོན་མཆོག་གིས་གནང་བའི་གནང་སྦྱིན་ལགས་སོ། ༡༤ དཀོན་མཆོག་གིས་ཇི་མཛད་ཐམས་ཅད་རྟག་ཏུ་གནས་ཏེ། དེའི་ནང་དུ་ཅིའང་སྣོན་པར་མི་ནུས། ཅིའང་འཕྲི་བར་མི་ནུས། མིས་དཀོན་མཆོག་གི་སྤྱན་དྲུང་དུ་བག་བྱེད་པའི་ཕྱིར། ཁོང་གིས་དེ་བཞིན་སྒྲུབས་པར་ངས་རྟོགས་བྱུང་། ༡༥ ཅི་བྱུང་ཟིན་པ་དེ་ད་ལྟ་ཡང་ཡོད། གང་འབྱུང་རྒྱུ་ཡོད་པ་དེ་སྔར་ཡང་བྱུང་བ་ཡིན་ཏེ། དཀོན་མཆོག་གིས་འདས་པའི་བྱ་བ་རྣམས་ཀྱང་སློང་བར་མཛད།
༡༦ ཡང་དེས་མ་ཟད་ངས་གནམ་འོག་ཏུ་ཁྲིམས་ར་ཡང་མཐོང་། དེར་མི་རིགས་པ་ཡོད་པ་ཡིན། དྲང་བ་ཉིད་ཀྱི་གནས་སུ་མི་ཚངས་པ་ཡོད་པ་ཡིན། ༡༧ བྱ་བ་རེ་རེ་དང་ལས་དོན་ཐམས་ཅད་ཀྱི་ཕྱིར་དུས་ཤིག་ཡོད་པས། དཀོན་མཆོག་གིས་ཆོས་དྲང་པོ་དང་སྡིག་སྤྱོད་གཉིས་ཀྱི་ཤན་འབྱེད་པར་འགྱུར་རོ། ༡༨ མིའི་བུ་རྣམས་ཀྱི་བབས་རྒྱུན་ཕྱིར། ངས་རང་གི་སྙིང་གི་ནང་དུ། དཀོན་མཆོག་གིས་དེ་དག་ལ་ཚོད་བཞེས་ཤིང་། མི་རྣམས་བྱོལ་སོང་ལྟ་བུ་ཡིན་པར་རྟོགས་ན་ཅི་མ་རུང་། ཞེས་སྨྲས་པ་ཡིན། ༡༩ དེ་ཅིའི་ཕྱིར་ཞེ་ན། མིའི་བུ་རྣམས་ལ་འབབ་པ་བཞིན་དུ་དུད་འགྲོ་ལའང་འབབ། གཉིས་པོ་ལ་བསྐོས་ཐང་གཅིག་པ་འབྱུང་སྟེ། འདི་འཆི་བ་ལྟར་དེ་ཡང་འཆི། འོ་ན། ཐམས་ཅད་ཀྱི་ནང་ན་དབུགས་གཅིག་པ་ཞིག་ཡོད་པས། ཐམས་ཅད་ལ་སྙིང་པོ་མེད་དེ། བྱོལ་སོང་ལས་མི་ནི་རྩ་བ་ནས་དྲག་པ་མ་ཡིན་ནོ། ༢༠ ཐམས་ཅད་གནས་གཅིག་ཏུ་འགྲོ། ཐམས་ཅད་ཐལ་བ་ལས་འབྱུང་སྟེ། ཐམས་ཅད་སླར་ཡང་ཐལ་བར་ལོག ༢༡ མིའི་བུའི་སེམས་སྟེང་དུ་འཛེགས་པའམ། ཡང་ན་བྱོལ་སོང་གི་སེམས་ཐུར་དུ་ས་ལ་འབབ་པའི་རྒྱུས་སུ་ལ་ཡོད། ༢༢ དེ་བས་ན་མི་ནི་དེ་རང་གི་ལས་རྣམས་ལ་དགའ་སྤྲོ་སྐྱེད་པ་ལས་དྲག་པ་ཞིག་མེད་པ་ངས་མཐོང་། དེ་ནི་དེའི་ཟ་སྐལ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེའི་རྗེས་སུ་འབྱུང་བ་དེ་སྟོན་དུ་སུས་ཁོ་ཟློག་ནས་འདྲེན་པར་འགྱུར༎