༤
དེ་ནས་ཡང་ཉི་མའི་འོག་ན་བྱེད་པའི་དབང་ཡོད་ཚང་མའི་སྐོར་བསམ་བློ་བཏང་ཙ་ན། སེམས་གསོ་མཁན་སུ་ཡང་མེད་པའི་མནན་པར་གྱུར་པ་རྣམས་ཀྱི་མཆི་མ་རྣམས་མཐོང་། དེ་དག་ལ་དབང་ཡོད་བྱེད་པའི་ལག་པའི་སྟོབས་ཆེ་ཡང་། དེ་དག་ལ་སེམས་གསོ་མཁན་སུ་ཡང་མེད་པ་ཡིན། ༢ དེའི་ཆེད་དུ་ངས་ད་ལྟ་གསོན་པོར་ཡོད་པའི་གསོན་པོ་རྣམས་ལས་འདས་པའི་གཤིན་པོ་རྣམས་ལ་ལྷག་པར་བསྟོད་པ་ཡིན། ༣ འོན་ཀྱང་དེ་གཉིས་པོ་བས་ཀྱང་། ཉི་མའི་འོག་ན་བྱེད་པའི་ལས་ངན་པ་མ་མཐོང་བའི་ད་དུང་མ་བྱུང་བ་རྣམས་བདེའོ༎༤ དེའི་རྗེས་སུ་ངས་གོ་ཆོད་ཀྱི་ལས་དང་། ཁྱིམ་མཚེས་ལ་ཕྲག་དོག་སྐྱེད་བྱེད་ཀྱི་ལས་ཀུན་ལ་བསམ་བློ་བཏང་བ་ཡིན། འདི་ལ་ཡང་སྙིང་པོ་མེད་དེ། རླུང་ལ་འདེད་པའོ། ༥ བླུན་པོས་ལག་པར་ལག་པ་བལྟབས་ནས། རང་ཤ་རང་གིས་ཟ། ༦ དཀའ་ལས་དང་སེམས་སྡུག་དང་ལྡན་པའི་སྤར་བ་གཉིས་ལས། སེམས་ལྷོད་ཀྱི་སྤར་བ་གང་ལེགས་སོ༎
༧ དེ་ནས་ངས་སླར་ཡང་ཉི་མའི་འོག་གི་སྙིང་པོ་མེད་པ་མཐོང་བ་ལས། ༨ མི་རེང་རེ་ཡང་འདུག དེ་ལ་རོགས་ཀྱང་མེད། བུ་ཡང་མེད། སྤུན་ཟླ་ཡང་མེད། འོན་ཀྱང་དེའི་འབད་བརྩོན་ལ་ཚར་རྒྱུ་ཡང་མི་འདུག དེའི་མིག་ནོར་གྱིས་ཀྱང་མི་ཚིམ། དེས་ནི་ངས་སུའི་དོན་དུ་འབད་ཅིང་། ཅི་ལ་རང་གི་སྙིང་བདེ་བ་ལས་འཕྲལ་བར་བྱེད་མི་ཟེར། འདི་ལ་ཡང་སྙིང་པོ་མེད། འོ་ན། འདི་ཡང་དཀའ་སྡུག་ཤིན་ཏུ་ཆེ་བའོ༎
༩ གཅིག་པུ་བས་གཉིས་དགའ། གང་ལ་ཞེ་ན། དེ་དག་ལ་ལས་ཀྱི་རྔན་པ་ལེགས་པར་རྙེད་དོ། ༡༠ དེ་ཅིའི་ཕྱིར་ཞེ་ན། གཅིག་འགྱེལ་ན། གཞན་དེས་གྲོགས་པོ་དེ་སློང་བར་བྱ། འོན་ཀྱང་གཅིག་པུ་ཡིན་པ་དེ་འགྱེལ་ན། སློང་མཁན་ཞིག་མེད་པས་བཀྲ་མི་ཤིས། ༡༡ ཡང་གཉིས་མཉམ་དུ་ཉལ་ན་དྲོས། འོན་ཀྱང་གཅིག་པུ་ཇི་ལྟར་དྲོ་བར་འགྱུར། ༡༢ ཡང་མི་གཅིག་པུ་མིའི་ངོར་འཕམ། གཉིས་ཀྱིས་ཐུབ་པར་འགྱུར། སྐུད་པ་སུམ་ལྕིབ་མྱུར་དུ་རང་མི་ཆད།
༡༣ ཞལ་གདམས་ལ་མི་ཉན་པའི་རྒྱལ་པོ་རྒད་པོ་གླེན་པ་ཞིག་ལས། བྱིས་པ་དབུལ་པོ་མཁས་པ་ཞིག་ལེགས། ༡༤ དེ་ཅིའི་ཕྱིར་ཞེ་ན། རྒྱལ་སྲིད་ཀྱི་ནང་དུ་དབུལ་པོར་སྐྱེས་མཁན་དེ་བཙོན་ར་ནས་འཐོན་ཞིང་། རྒྱལ་སྲིད་འཛིན་དུ་འོང་ངོ་། ༡༥ ཡང་ཉི་མའི་འོག་ན་གསོན་པོ་ཐམས་ཅད། ཁོའི་ཚབ་ཏུ་ལང་བར་འགྱུར་བའི་ཁྱེའུ་གཉིས་པ་དེ་དང་མཉམ་དུ་འགྲུལ་བར་ངས་མཐོང་བ་ཡིན། ༡༦ དེའི་འབངས་ཐམས་ཅད་གྲངས་ལས་འདས་པ་ཡོད་ཀྱང་། དེའི་རྗེས་སུ་འཐོན་པ་རྣམས་དེ་ལ་ཡང་དགའ་བར་མི་འགྱུར་བས། འདི་ལ་ཡང་བདེན་དག་པར་སྙིང་པོ་མེད་པ་དང་། རླུང་ལ་འདེད་པའོ༎