ཁྱེད་དཀོན་མཆོག་གི་ཕོ་བྲང་དུ་འགྲོ་བའི་དུས་སུ། རང་གི་རྐང་པ་ལ་ཉ་ར་བྱོས། གླེན་པ་ཞིག་རང་གིས་བྱེད་པའི་ངན་པ་མི་རྟོགས་པས། དེ་དག་གི་སྦྱིན་སྲེག་ལས། ཁྱོད་ཀྱིས་བཀའ་ཐོས་པ་ལ་ལྷག་པར་གཅང་པོ་གྱིས་ཤིག  ཁྱོད་ལབ་ཏུ་ཁ་མ་མགྱོགས། དཀོན་མཆོག་གི་དྲུང་དུ་ཁ་མི་ཐལ་བའི་ཕྱིར་དུ་རང་གི་སྙིང་ཙབ་ཙོབ་མ་བྱེད། གང་ལ་ཞེ་ན། དཀོན་མཆོག་ནི་གནམ་ལ་བཞུགས། ཁྱོད་ས་ལ་ཡོད་པས། གཏམ་ཉུང་ཉུང་ལབ་པར་བྱོས་ཤིག
 ལས་མང་སྟབས་ཀྱིས་རྨི་ལམ་རྨི། ལབ་ལབ་མང་བ་གླེན་པའི་གཏམ།
 ནམ་ཁྱོད་ཀྱིས་དཀོན་མཆོག་ལ་སྡོམ་པ་བླང་ན། དེ་སྒྲུབ་ཏུ་མ་འགོར། ཅི་ལ་ཟེར་ན། གླེན་པ་རྣམས་ལ་ཁོང་ཐུགས་མི་མཉེས་པས། སྡོམ་པ་དེ་སྒྲུབ་པར་བྱོས་ཤིག  སྡོམ་པ་བླངས་ནས་མི་སྒྲུབ་པ་བས། སྡོམ་པ་མི་ལེན་པ་ལེགས།  ཁྱོད་རང་གི་ལུས་ཀྱིས་ཉེས་པ་བྱེད་རྒྱུར་རང་གི་ཁ་འདའ་ཡན་དུ་མ་ཐོང་ཞིག ཕོ་ཉའི་མདུན་དུའང་ངས་མ་ཤེས་པར་ནོར་བ་ཡིན་མ་ཞུས་ཤིག ཞུ་ན། དཀོན་མཆོག་ནི་ཁྱོད་ཀྱི་སྐད་ལ་ཐུགས་འཁྲོ་ཞིང་། ཁྱོད་ཀྱི་ལག་ལས་མེད་པར་བྱེད་ལས་ཆེ།
 རྨི་ལམ་མང་མང་དང་། གཏམ་མང་མང་གི་ནང་ན་སྙིང་པོ་མེད་པ་སྣ་ཚོགས་ཡོད་པས། ཁྱོད་དཀོན་མཆོག་ལ་འཇིགས་ཤིག
 ཇི་སྟེ་ཡུལ་གྱི་ནང་ན་དབུལ་པོ་ལ་ཚོད་བཅད་དང་། ཁྲིམས་ལོག་དང་གཤགས་ལོག་བྱེད་པ་ཁྱོད་ཀྱིས་མཐོང་ན། དེ་ལ་ཧ་ལས་མི་དགོས། དེ་ཅིའི་ཕྱིར་ཞེ་ན། མཐོ་ཤོས་རྣམས་ལས་ཀྱང་མཐོན་པོ་ལགས་པ་དེས་གཟིགས་ཏེ། དེ་དག་ལས་འཕགས་པ་ཞིག་བཞུགས་སོ།  དེ་མ་ཟད་ས་གཞིའི་ཁེ་བཟང་དེ་ཀུན་གྱི་ཕྱིར་ཡིན། རྒྱལ་པོ་རང་ཡང་ཞིང་གིས་ཕན་ཐོགས་སོ༎
༡༠ དངུལ་འདོད་ཅན་ཞིག་དངུལ་གྱིས་ཆོག་པར་མི་འགྱུར། ནོར་འདོད་ཅན་ཞིག་འཕེལ་གྱིས་ཀྱང་ཆོག་པར་མི་འགྱུར། འདི་ལ་ཡང་སྙིང་པོ་མེད།
༡༡ ནོར་འཕེལ་དུས་ཟ་མཁན་ཡང་འཕེལ་བས། ནོར་གྱི་བདག་པོ་ལ་མིག་གིས་མཐོང་བ་མ་གཏོགས་ཅི་ཕན།
༡༢ ལས་བྱེད་མཁན་གྱིས་མང་ཉུང་ཅི་ཟ་ཡང་། དེའི་གཉིད་སྐྱིད། འོན་ཀྱང་ནོར་མང་པོས་གཉིད་ཀྱང་ལོག་མི་འཇུག་གོ།
༡༣ ངས་ཉི་མའི་འོག་ན་རྐྱེན་ངན་ཆེན་པོ་ཞིག་མཐོང་། གང་ཡིན་ཞེ་ན། ནོར་རྫས་ཀྱིས་ནོར་བདག་རང་ལ་གནོད་སྐྱེལ་ལོ། ༡༤ འོན་ཀྱང་ནོར་དེ་རྣམས་རྐྱེན་ངན་གྱིས་ཟད་པ་དང་། བུ་ཞིག་སྐྱེ་ན་ཡང་། དེའི་ལག་ན་ཅིའང་མེད་དེ། ༡༥ རང་འོངས་པ་ལྟར་དུ་འགྲོ་བ་ལ། གོས་མེད་མའི་མངལ་ནས་ཐོན་པ་ལྟར། ཕྱིར་ལྡོག་པར་གྱུར་ཏེ། དེས་དཀའ་ལས་བྱེད་པའི་ནང་ནས་རང་གི་ལག་ན་ཅིའང་མཉམ་དུ་འཁྱེར་བར་མི་འགྱུར་གྱིས། ༡༦ ཅི་ས་ནས་དེ་འོངས་པ་ལྟར་འགྲོ་བར་ཡང་དགོས་ཏེ། རླུང་གི་དོན་དུ་འབད་པས། ཁོ་ལ་ཕན་ཅི་འབྱུང་། འདི་ཡང་རྐྱེན་ངན་ཆེན་པོའོ། ༡༧ དེས་ཚེ་གང་མུན་ནེར་ཟ་ཞིང་། སེམས་འཁྲལ་དང་། ན་བ་དང་། ཁོང་ཁྲོ་ནི་མང་།
༡༨ ལྟོས་ཤིག ངས་མཐོང་བ་ནི། མི་ཡིས་ཟ་བ་དང་། འཐུང་བ་དང་། ཉི་མའི་འོག་ཏུ་བྱེད་པའི་ལས་ཐམས་ཅད་ཀྱི་དོན་དུ། དཀོན་མཆོག་གིས་གནང་བའི་ཚེ་ཧྲིལ་པོ་སྐྱིད་པོ་བྱེད་པ་ནི། དེའི་ཟ་ཐང་ཡོད་པ་ནི་བཟང་པོ་དང་ཡིད་དུ་འོང་བ་ལགས། ༡༩ དཀོན་མཆོག་གིས་ནོར་དང་ལོངས་སྤྱོད་གནང་ཡོད་པའི་མི་ཀུན་དང་། དེ་ལས་ཟ་བ་དང་། རང་གི་ཟ་སྐལ་དེ་ལེན་པ་དང་། རང་གི་འབད་བརྩོན་གྱི་ནང་དུ་དགའ་མགུ་བྱེད་པའི་དབང་ཡང་གནང་བ་ལགས། འདི་ནི་དཀོན་མཆོག་གི་གསོལ་རས་སོ། ༢༠ དཀོན་མཆོག་གིས་དེའི་སྙིང་དགའ་བ་གནང་བཞིན། བཀའ་ལན་གནང་བར་མཛད་པའི་རྐྱེན་གྱིས། དེས་རང་གི་ཚེའི་ཉིན་མོ་རྣམས་ཆེར་དྲན་པར་མི་བྱའོ༎