༦
ངས་ཉི་མའི་འོག་ན་སྡུག་བསྔལ་ཞིག་མཐོང་། དེ་ནི་མི་ལ་ལྕི་སྟེ། ༢ དཀོན་མཆོག་གིས་ལ་ལར་དེའི་སེམས་ཀྱིས་ཅི་འདོད་པ་ཙམ་དུ་ནོར་རྫས་དང་། དབྱིགས་དང་། ཞེ་ས་གནང་ཡོད་རུང་། དཀོན་མཆོག་གིས་དེ་ལ་རང་ནོར་ལས་ཟ་བའི་དབང་ཐང་མ་གནང་བས། མི་གཞན་གྱིས་དེ་ཟའོ། འདི་ཡང་སྙིང་པོ་མེད་པ་དང་། ནད་ཐུ་བ་ཞིག་གོ། ༣ ཇི་སྟེ་མི་ཞིག་ལ་བུ་བརྒྱ་ཐམ་པ་སྐྱེས་ནས། ཚེའི་ཞག་གྲངས་མང་དུ་ཕྱིན་པ་ཙམ་དུ་ལོ་མང་གསོན་ཏེ། བཟང་པོས་དེའི་ཡིད་མ་ཚིམ་པར། དེའི་རོ་ཡང་སུབ་པར་མ་གྱུར་ན། དེ་ནས་ཁོ་ལས་མངལ་བསྐྱུར་བ་ནི་དྲག་ཅེས་ངས་ཟེར། ༤ དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྙིང་པོ་མེད་པ་དང་བཅས་སུ་བྱུང་ནས། མུན་པའི་ནང་དུ་འགྲོ་བས། དེའི་མིང་མུན་པའི་ནང་དུ་ནུབ་པར་འགྱུར། ༥ དེས་ཉི་མ་ཡང་མ་མཐོང་། ཅིའང་མ་ཤེས་པས་ན། མི་དེ་ལས་འདི་ལེགས་སོ། ༦ དེ་མ་ཟད། གལ་ཏེ་དེ་ནི་ལོ་སྟོང་ངམ་ཉི་སྟོང་གསོན་པོར་གནས་ཀྱང་། ལེགས་པོ་གང་ཡང་མ་མཐོང་། ཚང་མ་གནས་གཅིག་ཏུ་མི་འགྲོའམ།༧ མིའི་ལས་ཐམས་ཅད་རང་གི་ཁའི་དོན་དུ་ཡིན་ཀྱང་། དེའི་གྲོད་པ་མི་འགྲང་། ༨ དེ་ཅིའི་ཕྱིར་ཞེ་ན། གླེན་པ་ལས་མཁས་པ་ལ་ལྷག་པ་ཅི་ཡོད། གསོན་པོ་རྣམས་ཀྱི་མདུན་དུ་འགྲུལ་ཤེས་པའི་དབུལ་པོ་ལ་ཕན་ཅི་ཡོད། ༩ སེམས་ཀྱིས་དམིགས་པའི་རྫས་ལས། མིག་གི་མདུན་དུ་ཡོད་པ་ལེགས། འདི་ཡང་སྙིང་པོ་མེད་པ་དང་། རླུང་ལ་འདེད་པའོ༎
༡༠ གང་བྱུང་ཟིན་པ་ལ་སྔོན་དུས་སུ་མིང་བཏགས། ཡང་མིང་བཏགས་མཁན་དེ་མི་ཡིན་པར་ཤེས། རང་ལས་སྟོབས་ཆེ་བ་དང་འགྲན་པར་མི་ནུས་སོ། ༡༡ སྙིང་པོ་མེད་པར་རྒྱས་པར་བྱེད་པའི་བྱ་བ་མང་པོ་ཡོད་པར་མཐོང་བས། དེ་དག་མི་ལ་ཅི་ལ་ཕན། ༡༢ གྲིབ་མ་ལྟ་བུར་བུད་པའི་མི་ཚེ། སྙིང་པོ་མེད་པའི་ཉིན་མོ་ཐམས་ཅད་ཀྱི་ནང་ན་མི་ལ་གང་ཕན་པ་དེ་སུས་ཤེས། གང་ལ་ཞེ་ན། དེའི་རྗེས་སུ་ཉི་མའི་འོག་ན་ཅི་འབྱུང་བར་འགྱུར་བ་རྣམས་སུས་འཆད་པར་ནུས༎