རིན་ཐང་ཆེ་བའི་སྤོས་ཆུ་བས་ཀྱང་མིང་བཟང་པོ་དེ་ལེགས། སྐྱེ་ཞག་ལས་ཤི་ཞག་ལེགས།
 མགྲོན་གཏོང་བའི་ཁྱིམ་དུ་འགྲོ་བ་ལས། མྱ་ངན་བྱེད་པའི་ཁྱིམ་དུ་འགྲོ་བ་ལེགས། དེ་ནི་མི་ཚང་མའི་མཐའ་མ་སྟེ། གསོན་པོ་རྣམས་ཀྱིས་རང་གི་སྙིང་ལ་དེ་འཁུར་བར་འགྱུར།  འཚེར་བའི་གདོང་གིས་སྙིང་ལེགས་པར་བྱེད་པའི་རྐྱེན་གྱིས། བགད་མོ་བས་སེམས་སྡུག་ལེགས།  མཁས་པའི་སྙིང་དེ་མྱ་ངན་གྱི་ཁྱིམ་ནང་ཡོད། འོན་ཀྱང་གླེན་པའི་སྙིང་ནི་འདོད་ཡོན་གྱི་ཁྱིམ་ན་ཡོད།
 གླེན་པའི་གླུ་ལ་ཉན་པ་བས། མཁས་པའི་བཀའ་བཀྱོན་ལ་ཉན་པ་མི་ལ་ལེགས།  གླེན་པ་དགོད་པ་དང་། སྣོད་ཀྱི་འོག་ཏུ་ཚེར་མ་ཙ་རག་བ་རག་ཟེར་བ་མཚུངས། འདི་ལའང་སྙིང་པོ་མེད།
 དབང་ཆོས་ཀྱིས་མཁས་པ་སྨྱོན་པར་བྱེད་པར་ངེས། ལྐོག་སུག་གིས་སྙིང་བརླགས་པར་བྱེད།
 བྱ་བ་ཞིག་གི་ཐོག་མ་ལས་ཐ་མ་ལེགས། སྙིང་ང་རྒྱལ་ཅན་ལས། སྙིང་བཟོད་སེམས་ཡོད་པ་ལེགས།  ཁོང་ཁྲོ་ནི་གླེན་པའི་ཁོག་པ་ལ་གནས། དེའི་ཕྱིར་འཁྲོ་རུ་རང་སེམས་མ་མགྱོགས་ཤིག
༡༠ ཁྱོད་ཀྱིས། དེང་སང་ལས་སྔ་མའི་དུས་ཅིའི་ཕྱིར་ལེགས་པ་ཡོད་པ་ཡིན་མ་ཟེར། གང་ལ་ཞེ་ན། ཁྱོད་ཀྱིས་མཁས་པའི་ཚུལ་དུ་དེ་བཞིན་དུ་མི་འདྲིའོ༎
༡༡ ཕ་ནོར་ལྟར་ཤེས་རབ་ཀྱང་བཟང་། ཉི་མ་མཐོང་བ་དག་ལ་དེས་ཕན་འདོགས། ༡༢ ནོར་ནི་སྐྱོར་བ་ཡིན་པ་ལྟར་དུ། ཤེས་རབ་ཀྱང་སྐྱོར་བ་ཡིན། འོན་ཀྱང་ཤེས་རབ་དང་ལྡན་པ་རྣམས་ལ་དེ་ཀས་སྲོག་ཀྱང་སྦྱིན་པས་ན། ཤེས་རབ་ཀྱི་ཕན་དོན་རྩ་ཆེའོ། ༡༣ དཀོན་མཆོག་གི་མཛད་པ་ལ་བསམ་བློ་ཐོང་ཞིག གང་ལ་ཞེ་ན། ཁོང་གིས་བཀུག་པ་སུས་སྲོང་བར་ནུས། ༡༤ བཀྲ་ཤིས་དུས་སུ་སྐྱིད་པོ་བྱོས། ཉོན་མོངས་པའི་དུས་སུ་བསམ་བློ་ཐོང་། དཀོན་མཆོག་གིས་གཅིག་གི་ཁ་གནོན་དུ་གཞན་དེ་ཡང་མཛད་པ་ཡིན་པས། ཕུགས་སུ་མིས་རང་གི་རྗེས་སུ་འབྱུང་རྒྱུ་དེ་རྟོགས་པར་མི་ནུས་པའི་ཕྱིར་རོ༎
༡༥ རང་གི་དྲང་སེམས་ཀྱི་ནང་དུ་ཤི་བའི་དྲང་པོ་དང་། རང་གི་སྡིག་པའི་ནང་ན་མི་ཚེ་སྐྱེད་པར་བྱེད་པའི་སྡིག་སྤྱོད་ནི། ངས་རང་གི་སྙིང་པོ་མེད་པའི་ཉིན་མོ་རྣམས་སུ་དེ་ཚང་མ་མཐོང་བ་ཡིན། ༡༦ བཟང་ཁ་ཐལ་དུའང་འགྲོར་མ་ཆུག གཅང་ཁ་ཐལ་དུའང་འགྲོར་མ་ཆུག རང་གིས་རང་ཅིའི་ཕྱིར་འཕུང་བར་བྱེད། ༡༧ ཚོད་མེད་ངན་པའང་མ་བྱེད་པར། གླེན་པར་མ་གྱུར་ཅིག རང་གི་དུས་ལས་སྔོན་དུ་ཅིའི་ཕྱིར་འཆི་བར་དགོས། ༡༨ གཅིག་དེ་བཟུང་ནས་འཇོག་པ་མ་ཟད། གཞན་དེ་ལས་ཀྱང་རང་གི་ལག་པ་མི་འཐེན་པ་ལེགས། ཅི་ལ་ཟེར་ན། དཀོན་མཆོག་ལ་འཇིགས་པ་རྣམས་དེ་ཀུན་ལས་ཐར་བར་འགྱུར་རོ༎
༡༩ གྲོང་ཁྱེར་ལ་ཡོད་པའི་དཔའ་བོ་བཅུ་ལས། ཤེས་རབ་ཀྱིས་མཁས་པ་ལ་ལྷག་པར་སྟོབས་དང་ལྡན་པར་བྱེད་དོ། ༢༠ དེ་ཅིའི་ཕྱིར་ཞེ་ན། ས་སྟེང་དུ་བཟང་པོ་བྱེད་ཅིང་ཉེས་པ་གང་ཡང་མི་བྱེད་པའི་མི་དྲང་པོ་གཅིག་ཀྱང་མེད་དོ། ༢༡ གཏམ་ཐམས་ཅད་ལ་སྣང་རྟགས་མ་བྱེད་ཅིག བྱེད་ན། རང་གི་གཡོག་པོས་ཁྱོད་ལ་སྨོན་ལོག་འདེབས་པ་ཐོས་པར་འགྱུར། ༢༢ དེ་ཅིའི་ཕྱིར་ཞེ་ན། ཁྱོད་རང་གིས་ཀྱང་ལན་དུ་མར་གཞན་ལ་དེ་བཞིན་དུ་སྨོན་ལོག་བཏབས་པ་ནི། ཁྱོད་རང་གི་སྙིང་ལ་རྒྱུས་ཡོད།
༢༣ འདི་ཀུན་ཡང་ངས་ཤེས་རབ་ཀྱི་སྒོ་ནས་དཔྱད་པ་ཡིན། ང་མཁས་པར་འགྱུར་འདོད་སྨྲས་ཀྱང་། དེ་ནི་ང་ལས་རྒྱང་རིང་དུ་མཆིས་ཏེ། ༢༤ དེ་ནི་རབ་ཏུ་རྒྱང་རིང་ཞིང་། ཤིན་ཏུ་གཏིང་ཟབ་པས། སུས་དེའི་ངང་རྟོགས་པར་ནུས། ༢༥ རྟོགས་པ་དང་དཔྱོད་པ་དང་ཤེས་རབ་དང་རྩ་བ་སར་གཅོད་ཅིང་། གླེན་པའི་ལུགས་ནི་ངན་པ་དང་། བློ་རྨོངས་པ་དང་སྨྱོན་པའི་རང་བཞིན་དེ་རྣམས་རྟོགས་པའི་སླད་དུ། ༢༦ ངས་རང་གི་སྙིང་བཏང་བ་ཡིན། ཞགས་པ་དང་། རྙི་ཡིན་པ་དང་། ལག་པ་ནི་ལག་ལྕགས་ལྟ་བུ་ཡིན་པའི་བུད་མེད་ནི། འཆི་བ་ལས་ཀྱང་ཁ་ཏིག་པ་ཡིན་པར་རྟོགས། དཀོན་མཆོག་ཐུགས་མཉེས་པ་རྣམས་མོ་ལས་ཐར་གྱིས། སྡིག་ཅན་རྣམས་ནི་མོས་འཛིན་པར་འགྱུར། ༢༧ ཀྱེ་ཧོ་སྟོན་པས་འདི་སྐད་དུ། ངས་མཐར་ཐུག་དེ་རྟོགས་པའི་དོན་དུ་གཅིག་དང་གཅིག་བསྡུར་ནས་རྩད་ཆོད་པ་ནི། ༢༨ ད་ཙམ་གྱི་བར་དུ་ངའི་སྙིང་གིས་འཚོལ་ཡང་མ་ཐོབ། སྟོང་ཕྲག་གི་ནང་ནས་སྐྱེས་པ་གཅིག་ངས་ཐོབ་ཀྱིས། དེ་དག་ཐམས་ཅད་ཀྱི་ནང་དུ་བུད་མེད་ནི་གཅིག་ཀྱང་ཐོབ་མ་བྱུང་། ༢༩ ལྟོས་ཤིག དཀོན་མཆོག་གིས་མི་ནི་དྲང་པོར་བཀོད་ཀྱང་། དེ་དག་གིས་ཐབས་མང་པོ་བཙལ་ཡོད་པ། ངས་བརྟགས་པ་ལགས་སོ༎