མཁས་པའི་མི་དང་འདྲ་བ་སུ་ཡོད། དངོས་པོ་རྣམས་ཀྱི་དོན་དུ་སུས་འགྲེལ་བར་ཤེས། ཤེས་རབ་ཀྱིས་མིའི་ངོ་གདོང་ལྷག་གེ་བར་བྱེད། དེའི་ངོ་རྩུབ་པའང་འགྱུར་དུ་འཇུག  དཀོན་མཆོག་གི་མནའི་དོན་དུ་རྒྱལ་པོའི་བཀའ་སྲུང་བའི་གྲོས་ངས་ཁྱེད་ལ་འདེབས་ཏེ།  མྱུར་དུ་ཁོང་གི་ངོ་ལས་མ་བྲོས་ཤིག བྱ་བ་ངན་པའི་ནང་དུའང་རངས་ནས་མ་སྡོད་ཅིག དེ་ཅིའི་ཕྱིར་ཞེ་ན། ཁོང་གིས་ཉིད་ཀྱི་ཐུགས་དགོངས་བཞིན་དུ་བྱེད་པས།  རྒྱལ་པོའི་བཀའ་ཤུགས་ཆེ་སྟེ། དེ་ལ། ཁྱེད་ཀྱིས་འདི་ཅི་བྱེད་སུས་ཞུ་བར་ནུས།  བཀའ་ལ་ཉན་པས་རྐྱེན་ངན་མཐོང་བར་མི་འགྱུར། མི་མཁས་པའི་སྙིང་གིས་དུས་ཚོད་དང་གཤགས་གཉིས་ཀ་ཤེས།  དེ་ཅིའི་ཕྱིར་ཞེ་ན། བྱ་བ་རེ་རེ་ལ་དུས་ཚོད་དང་གཤགས་འབྱེད་པ་ཞིག་ཡོད་པས། མིའི་ཐོག་ཏུ་རང་གི་ཉོན་མོངས་པ་ལྕིའོ།  གང་ལྟར་ཞེ་ན། ཕྱིས་སུ་གང་འབྱུང་རྒྱུ་ཡིན་པ་ཁོས་མི་ཤེས། ཡང་ན་ནམ་དེ་འབྱུང་བར་འགྱུར་བ་སུས་འཆད་པར་ནུས།  རླུང་བཟུང་ནས་འཇོག་པའི་དབང་དང་། འཆི་ཞག་ཐོག་དབང་ཐོབ་པའི་མི་སུ་ཡང་མེད། འཐབ་མོ་དེ་ལས་དགོངས་པའང་མི་རྙེད། ངན་པ་བྱེད་པ་དག་ངན་པས་སྐྱོབས་པར་མི་འགྱུར།  འདི་དག་ཐམས་ཅད་ངས་མཐོང་སྟེ། ཉི་མའི་འོག་ན་བྱེད་པའི་བྱ་བ་ཚང་མའི་ནང་དུ་རང་གི་སྙིང་བཏང་བ་ཡིན། མི་གཅིག་གིས་གཞན་ལ་སྲིད་བྱེད་པའི་ངང་ནས་རང་ལ་རྐྱེན་ངན་འགུག་པའི་དུས་ཀྱང་འདུག་གོ།
༡༠ དེ་ལྟར་ངས། མི་སྡིག་སྤྱོད་བསྐུངས་ནས་དུར་ཁུང་ཐོབ་པ་མཐོང་། དྲང་པོར་སྤྱད་པ་དག་ནི་གནས་དམ་པ་ལས་བྲལ་ཏེ། གྲོང་ཁྱེར་ནང་མི་དྲན་པའང་ངས་མཐོང་། འདི་ལའང་སྙིང་པོ་མེད་པའོ། ༡༡ དེའང་ལས་ངན་གྱི་ཕྱིར་མྱུར་དུ་ཆད་པ་མི་གཅོད་པའི་རྐྱེན་གྱིས། མིའི་བུ་རྣམས་ཀྱི་སྙིང་ངན་པ་བྱེད་དུ་རྣམ་ཀུན་འབུངས། ༡༢ ཇི་སྟེ་སྡིག་ཅན་གྱིས་ལན་བརྒྱ་ཐམ་པ་ངན་པ་བྱས་ཏེ། ཚེ་རིང་བར་གྱུར་ཀྱང་། དཀོན་མཆོག་གི་ཞལ་ངོར་འཇིགས་ཤིང་། བག་བྱེད་པ་དག་ནི་ལེགས་པར་འགྱུར་བར། ངས་ལེགས་པར་ཤེས་སོ། ༡༣ འོན་ཀྱང་སྡིག་སྤྱོད་ནི་ནམ་དུ་ཡང་ལེགས་པར་མི་འགྱུར། དེ་དཀོན་མཆོག་གི་དྲུང་དུ་མི་འཇིགས་པས། ཁོའི་ཚེ་གྲིབ་མ་ལྟ་བུ་ཡིན་པ་རིང་བར་མི་འགྱུར་རོ། ༡༤ ཆོས་དྲང་པོ་ལ་འབྱུང་དགོས་པ་ནི་སྡིག་སྤྱོད་ལ་འབྱུང་བ་དང་། སྡིག་སྤྱོད་ལ་འབྱུང་དགོས་པ་ནི་ཆོས་དྲང་པོ་ལ་འབྱུང་སྟེ། སྙིང་པོ་མེད་པ་དེ་ས་སྟེང་དུ་འབྱུང་བས། ངས་འདི་ལའང་སྙིང་པོ་མེད་པའོ་སྨྲས་ནས། ༡༥ ཟ་བ་དང་། འཐུང་བ་དང་། སྐྱིད་པོ་བྱེད་པ་ལས་ལེགས་པ་ཞིག་ཉི་མའི་འོག་ཏུ་མི་ལ་གཞན་གང་ཡང་མེད་པའི་རྐྱེན་གྱིས་ངས་ལོངས་སྤྱོད་ལ་བསྟོད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་མི་ལ་ཉི་མའི་འོག་ཏུ་གནང་བའི་ཚེ་གང་གི་ལས་འབྲས་དེ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ༎
༡༦ ཉིན་མཚན་གཉིས་པོར་གཉིད་མི་མཐོང་བའི་མི་ཡང་ཡོད་པས། ངས་ཡེ་ཤེས་རྟོགས་པ་དང་། ས་གཞིའི་སྟེང་དུ་བྱེད་པའི་ལས་ཐམས་ཅད་ལྟ་རུ་སྙིང་ན་བསམ་བློ་བཏང་བའི་ཚེ་ན། ༡༧ དཀོན་མཆོག་གིས་སའི་སྟེང་དུ་མཛད་པའི་འཕྲིན་ལས་ཐམས་ཅད་མིས་རྩད་གཅོད་མི་ནུས་པ་མཐོང་། ཇི་སྟེ་མིས་ཉི་མའི་འོག་གི་ལས་རྣམས་རྟོགས་པའི་ཕྱིར་དཀའ་ལས་བྱེད་མོད། རྩད་ཆོད་པར་མི་འགྱུར། དེས་མ་ཟད་པར། མི་མཁས་པ་ཞིག་གིས་ངས་དེ་རྟོགས་སོ་སེམས་ཀྱང་། ཁོས་དེ་ནམ་དུ་ཡང་རྟོགས་པར་མི་འགྱུར་རོ༎