ལེགས་བཤད་ཀྱི་མདོ།
༡
ཨིས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་ཀྱི་སྲས་ཤ་ལོ་མོའི་ལེགས་བཤད་ནི། ༢ ཤེས་རབ་མན་ངག་རྟོགས་པ་དང་། ཡེ་ཤེས་ཀྱི་མན་ངག་རྣམས་བླང་བ་དང་། ༣ ཤེས་རབ་དང་དྲང་བ་ཉིད་དང་ཁྲིམས་དྲང་པོའི་གདམས་ངག་དང་། བློ་གཟུ་བོ་རྙེད་པ་དང་། ༤ དྲང་སུམ་རྣམས་མཛངས་པར་བྱེད་པ་དང་། གཞོན་ནུ་རྣམས་ལ་རིག་པ་དང་བློ་གྲོས་སྟེར་དུ་དང་། ༥ མཁས་པའི་མིས་ཐོས་པ་ན་རིག་པ་ལྷག་པར་རྙེད་ཅིང་། བློ་ལྡན་དག་ལ་ཇུས་རྙེད་པར་འགྱུར་ཞིང་། ༦ ལེགས་བཤད་དང་། དོན་འགྲེལ་དང་། མི་མཁས་པའི་གསུང་དང་། གབ་ཚིག་རྣམས་རྟོགས་པའི་དོན་དུའོ༎༧ ཡ་ཧོ་ཝཱ་ལ་བག་བྱེད་པ་ནི། རིག་པ་ཀུན་གྱི་ཐོག་མའོ། འོན་ཀྱང་བླུན་པོས་ཤེས་རབ་དང་། གདམས་ངག་གཉིས་པོ་ལ་ཁྱད་དུ་སོད་དོ། ༨ ངའི་བུ། རང་གི་ཕའི་བཀའ་ལ་ཉོན། མའི་བཀའ་ཡང་འདོར་བར་མ་བྱེད། ༩ འདི་ནི་ཁྱེད་ཀྱི་མགོ་ཐོག་གི་ཅོད་པན་ཟིལ་ལྡན་དང་། མཇིང་པའི་མགུལ་རྒྱན་དེ་ལགས་སོ༎
༡༠ ངའི་བུ། ཇི་སྟེ་སྡིག་ཅན་གྱི་སླུ་ན་མ་ཉན་ཞིག ༡༡ གལ་ཏེ་དེ་དག་གིས། མི་གསོད་པའི་དོན་དུ་སྒུག་པ་དང་། རྒྱུ་མཚན་མེད་པར་ནོངས་མེད་པའི་མི་ལ་འཇབ་སྡོད་དུ། ང་དང་མཉམ་དུ་ཤོག་དང་། ༡༢ གཤིན་ཡུལ་གྱི་ཚུལ་དུ་དེ་དག་ཧྲིལ་པོ་དང་། གཡང་དུ་འགྲིལ་མཁན་འདྲ་བར་གསོན་པོར་མིད་པར་བྱ། ༡༣ དེ་ནས་རིན་ཆེན་ནོར་སྣ་ཚོགས་ངེད་ལ་ཐོབ་ཅིང་། རང་གི་ཁང་པ་བཅོམ་ནོར་གྱིས་འགེང་བར་བྱ། ༡༤ ངེད་དང་སྐྱིད་སྡུག་གཅིག་པ་གྱིས་ལ། ང་ཅག་ཀུན་ལ་དངུལ་ཁུག་གཅིག་རང་ཡོད་པ་འགྱུར་རོ་ཟེར་ན། ༡༥ ངའི་བུ། དེ་དག་དང་མཉམ་དུ་ལམ་ལ་ཡང་མ་འགྲོ་ཞིག དེ་དག་གི་ལམ་ལས་ཀྱང་རང་གི་རྐང་པ་སྲུངས་ཤིག ༡༦ དེ་ཅིའི་ཕྱིར་ཞེ་ན། ལས་ངན་བྱེད་པ་ལ་དེ་དག་གི་རྐང་པ་མགྱོགས་ཤིང་། མི་གསོད་དུ་རྒྱུག ༡༧ འདབ་ཆགས་ཀྱི་མཐོང་སར། བྱ་རྒྱ་འཛུག་པ་དོན་རེ་ཆུང་སྟེ། ༡༨ དེ་དག་རང་སྲོག་གཅོད་དུ་སྒུག་ཅིང་། རང་ཉིད་ལ་འཇབ་པའོ། ༡༩ དངུལ་གྱིས་བདག་པོའི་སྲོག་གཅོད་པས། དངུལ་འདོད་ཅན་གྱི་ལམ་ཡང་དེ་ཀ་ཡིན།
༢༠ ལམ་སྲང་ནང་ཤེས་རབ་ཀྱིས་འབོད་ཅིང་། ལམ་མདོ་རྣམས་ན་འབོད་སྒྲོག་སྟེ། ༢༡ དེས་འདུ་འཛི་ཅན་གྱི་ལམ་མདུད་རྣམས་ན་འབོད། རྟ་སྒོ་རྣམས་དང་གྲོང་ཁྱེར་ནང་གསུང་གླེང་ཞིང་། ༢༢ ཁྱོད་དྲང་སུམ་རྣམས། ནམ་གྱི་བར་དུ་དྲང་སུམ་ལ་ཆགས་པར་བྱ། ཁྱོད་འཕྱ་མཁན་རྣམས། ནམ་གྱི་བར་དུ་འཕྱ་བ་ལ་དགའ་ཞིང་། གླེན་པ་རྣམས་ཀྱིས་རིག་པ་ལ་སྡང་བར་བྱ། ༢༣ ངའི་བཀྱོན་ཚིག་དང་དུ་བློངས་ཤིག ཀྱེ་ཧོ། ཁོ་བོས་ཉིད་ཀྱི་སེམས་ཉིད་ཁྱོད་ཐོག་དབབ་ཅིང་། ཉིད་ཀྱི་བཀའ་མཆིད་ཁྱོད་ལ་ངོ་སྤྲོད་པར་བྱའོ༎
༢༤ གང་ལ་ཞེ་ན། ངས་བོས་ཀྱང་། ཁྱོད་མ་ཉན། ངས་ལག་པ་བཏང་མོད། སུས་ཀྱང་སྣང་རྟགས་མ་བྱས། ༢༥ དེའི་སྟེང་དུ་ངའི་ཇུས་ཐམས་ཅད་ཅང་མིན་བྱས་ཏེ། ངའི་བཀྱོན་ཚིག་ལ་མ་རྩིས་པས་ན། ༢༦ ཁྱོད་ཅག་ཉོན་མོངས་པའི་དུས། ང་ཡང་དགོད་ཅིང་། ཁྱོད་འཇིགས་པའི་ནང་ལྟུང་སྐབས་ངས་ཀྱང་འཕྱ་བར་བྱའོ། ༢༧ རླུང་དམར་ལྟར་རང་གི་འཇིགས་པ་འབབ་ཅིང་། སྐོར་རླུང་ལྟར་རང་གི་ཉོན་མོངས་པ་འབྱུང་དུས་དང་། ཡི་མུག་པ་དང་སྲོག་གཟེར་འབྱུང་དུས་སུ། ༢༨ དེ་དག་གིས་ཁོ་བོ་ལ་འབོད་འགྱུར་ཡང་། ཁོ་བོས་ཨ་ལན་མི་གཏང་། ཨུ་ཚུགས་བཏང་ནས་ཁོ་བོ་འཚོལ་བར་བྱའི། ཁོ་བོ་རྙེད་པར་མི་འགྱུར། ༢༩ དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ཤེས་རབ་ལ་སྡང་ཞིང་། ཡ་ཧོ་ཝཱ་ལ་བག་བྱེད་པ་དེ་དང་དུ་ཡང་མ་བླངས་པའི་ཕྱིར་རོ། ༣༠ ཁོ་བོའི་ཇུས་ལ་ཡང་མ་དགའ་བར། ཁོ་བོའི་བསྡམ་བཞག་རྣམས་ལའང་ཁྱད་དུ་གསོད་དོ། ༣༡ དེ་བས་ན་དེ་དག་རང་གི་ལམ་གྱི་འབྲས་བུ་ལས་ཟ་ཞིང་། རང་གི་ཇུས་ཀྱིས་ཚིམ་པར་འགྱུར། ༣༢ དྲང་སུམ་རྣམས་རྒྱབ་ཏུ་ཟློག་པས་ནི། དེ་དག་གསད་ཅིང་། གླེན་པ་རྣམས་ཀྱི་དོན་གྲུབ་པས། དེ་དག་སྲོག་དང་འཕྲལ་བར་འགྱུར། ༣༣ འོན་ཀྱང་གང་དང་གང་ཁོ་བོ་ལ་ཉན་པ་ནི་ཉེ་ཞོ་མེད་པར་བདེ་བར་གནས་ཤིང་། བར་ཆད་ཀྱི་འཇིགས་པ་ལས་བྲལ་ཏེ། སེམས་ལྷོད་འགྲོ་བར་འགྱུར་རོ༎