གསུང་མགུར་གྱི་མདོ།
གསུང་མགུར་གྱི་མདོ་དང་པོ།
༡
མི་གང་སྡིག་སྤྱོད་གྲོས་བཞིན་མི་འགྲུལ་ཞིང་། སྡིག་ཅན་དག་གི་ལམ་ནང་མི་འགྲེང་བར། འཕྱ་མཁན་ཁྲོད་དུ་མི་སྡོད་མཁན་དེ་བདེ།༢ ཡཱ་ཝཱེའི་བཀའ་ཁྲིམས་རྣམས་ལ་ཡི་རང་ཞིང་། ཉིན་མཚན་མེད་པར་བཀའ་ཁྲིམས་སྒོམ་མཁན་ནི།
༣ གྲོག་པོའི་འགྲམ་དུ་བཙུགས་པའི་ལྗོན་ཤིང་གིས། རང་གི་དུས་སུ་འབྲས་བུ་སྐྱེད་བྱེད་ཅིང་། ལོ་མ་རྣམས་ཀྱང་མི་རྙིད་པ་ལྟར་དུ། ཅི་བྱེད་ཀུན་ནང་མི་དེའི་དོན་འགྲུབ་འགྱུར།
༤ འོན་ཀྱང་སྡིག་སྤྱོད་མི་ནི་དེ་ལྟར་མིན། ཁོ་ནི་རླུང་གིས་འཁྱེར་བའི་སོག་མ་འདྲ།
༥ ཁྲིམས་གཅོད་དུས་སུ་སྡིག་ཅན་ལྡང་མི་འགྱུར། ཆོས་དྲང་ཚོགས་ནང་སྡིག་ཅན་འཚུགས་མི་འོང་།
༦ ཡཱ་ཝཱེས་ཆོས་དྲང་རྣམས་ཀྱི་ལམ་མཁྱེན་གྱི། སྡིག་སྤྱོད་དག་གི་ལམ་ནི་འཇིག་པར་འགྱུར༎