ཡོབ་ཀྱི་མདོ།
༡
ཨུས་བྱ་བའི་ཡུལ་ཁམས་ཀྱི་ནང་ན་ཡོབ་ཅེས་བྱ་བའི་སྐྱེས་བུ་ཞིག་མཆིས་ཏེ། དེ་ནི་ཕུན་སུམ་ཚོགས་པ། སེམས་རྒྱུད་དྲང་པོ། དཀོན་མཆོག་ལ་བག་བྱེད་པ་དང་། ངན་པ་ལས་འབྱོལ་བ་ཞིག་ཡོད་པ་ལགས་སོ། ༢ དེ་ལ་བུ་བདུན་དང་བུ་མོ་གསུམ་སྐྱེས་སོ། ༣ དེའི་ནོར་དུ་ལུག་སྟོང་ཕྲག་བདུན། རྔ་མོང་སྟོང་གསུམ། གླང་ཟུང་ལྔ་བརྒྱ་ཐམ་པ། མོ་བོང་བརྒྱ་ཕྲག་ལྔ་དང་། འཁོར་ཆེན་པོ་ཞིག་ཡོད་པས། སྐྱེས་བུ་དེ་ཤར་ཕྱོགས་ཀྱི་མི་བརྒྱུད་ཀྱི་ནང་ནས་མཆོག་ཏུ་གྱུར་ཏོ། ༤ ཡང་དེའི་བུ་རྣམས་རེ་རང་གི་ཞག་རེས་བཞིན་དུ་རེ་རེའི་ཁྱིམ་དུ་ཕྱིན་ནས། མགྲོན་བཏང་སྟེ། དེ་དག་དང་ལྷན་ཅིག་ཏུ་ཟ་བ་དང་འཐུང་བའི་ཕྱིར་སྲིང་མོ་གསུམ་པོའང་འབོད་དུ་བཏང་བ་ཡིན། ༥ མགྲོན་རེས་ཀྱི་ཞག་རྣམས་ཚར་བའི་དུས་སུ། ཡོབ་ཀྱིས་དེ་དག་གཙང་སྦྲ་བྱེད་དུ་མི་མངགས་ཏེ། སྔ་དྲོ་ཐོ་རངས་ལངས་ཏེ། དེ་ཐམས་ཅད་ཀྱི་གྲངས་བཞིན་དུ་སྦྱིན་སྲེག་གི་མཆོད་པ་རྣམས་ཕུལ་ཏོ། དེ་ཅིའི་ཕྱིར་ཞེ་ན། གཅིག་བྱེད་ན། ངའི་ཁྱིའུ་རྣམས་ཀྱིས་ཉེས་པ་བྱས་ཏེ། སྙིང་གི་ནང་ན་དཀོན་མཆོག་ལ་དད་ལོག་ཞུས་ཡོད་འགྲོ་ཞེས་ཡོབ་ཀྱིས་སྨྲས་ནས། རྒྱུན་དུ་དེ་ལྟར་བྱས་སོ༎༦ ཡང་ཉིན་གཅིག་དཀོན་མཆོག་གི་སྲས་རྣམས་ཡ་ཧོ་ཝཱའི་ཞལ་ཚོགས་སུ་བྱོན་པ་དང་། སཱ་ཏན་བྱ་བ་ཡང་དེ་དག་གི་ནང་དུ་འོངས་སོ། ༧ ཡ་ཧོ་ཝཱས་སཱ་ཏན་ལ། ཁྱོད་གང་ནས་འོང་ཞེས་གསུངས་པས། སཱ་ཏན་གྱིས་ཡ་ཧོ་ཝཱ་ལ་ཞུ་ལན་དུ། ས་གཞིའི་ནང་དུ་ཕན་ཚུན་རྒྱུ་ཞིང་། དེའི་ནང་ན་ཡར་མར་འཁོར་ནས་འོངས་པ་ཡིན་ཞེས་ཞུས་པ་དང་། ༨ ཡ་ཧོ་ཝཱས་སཱ་ཏན་ལ། ཁྱོད་ཀྱིས་ངའི་ཕྱག་བརྙན་ཡོབ་ལ་ཞིབ་ཏུ་ལྟས་སམ། གང་ལ་ཞེ་ན། སའི་སྟེང་དུ་དེ་དང་འདྲ་བའི་མི་ཕུན་སུམ་ཚོགས་པ། སེམས་རྒྱུད་དྲང་པོ། དཀོན་མཆོག་ལ་བག་བྱེད་པ་དང་། ཉེས་པ་ལས་འབྱོལ་བ་གཞན་སུ་ཡང་མེད་དོ་ཞེས་གསུངས་སོ། ༩ དེ་ནས་ཡ་ཧོ་ཝཱ་ལ་སཱ་ཏན་གྱིས་ཞུ་ལན་དུ། ཡོབ་ཀྱིས་དོན་མེད་པར་དཀོན་མཆོག་ལ་བག་བྱེད་དམ། ༡༠ ཁྱེད་ཀྱིས་དེའི་མཐའ་སྐོར་དང་། ཁང་པའི་མཐའ་སྐོར་དང་། དེ་ལ་ནོར་ཡོད་ཚད་ཀྱི་ཕྱོགས་བཞི་རུ་ར་བས་མ་བསྐོར་རམ། ཁྱེད་ཀྱིས་དེའི་ལག་པའི་ལས་ལ་བྱིན་གྱིས་བརླབས་པས། ཡུལ་གྱི་ནང་དུ་དེའི་ནོར་ཆེར་འཕེལ་ལོ། ༡༡ འོན་ཀྱང་ད་ཁྱེད་ཀྱིས་ཕྱག་བརྐྱངས་ཏེ། ཁོ་ལ་གང་ཡོད་པ་ཐམས་ཅད་ལ་རེག་པར་མཛོད་ཅིག་དང་། དེས་ཁྱེད་ཀྱི་ཞལ་ངོར་རྒོལ་ཚིག་ཞུ་བར་མི་བྱའམ་ཞེས་གསོལ་པ་དང་། ༡༢ ཡ་ཧོ་ཝཱས་སཱ་ཏན་ལ། ལྟོས། ཁོ་ལ་ཅི་ཡོད་པ་ཐམས་ཅད་ཁྱོད་ཀྱི་དབང་དུ་ཡོད། འོན་ཀྱང་ཁོ་རང་གཅིག་པོ་ལ་ཁྱོད་ཀྱི་ལག་པ་མ་རེག་ཅིག་ཅེས་བསྒོ་བ་དང་། སཱ་ཏན་ཡ་ཧོ་ཝཱའི་སྤྱན་སྔ་ནས་སོང་ངོ་༎
༡༣ ཞག་གཅིག་དེའི་བུ་རྣམས་དང་བུ་མོ་རྣམས་གཅེན་པོའི་ཁྱིམ་ན་ཟ་ཞིང་རྒུན་ཆང་བཏུང་གིན་ཡོད་པའི་ཚེ་ན། ༡༤ ཡོབ་ཀྱི་དྲུང་དུ་བང་ཆེན་ཞིག་འོངས་ནས་ཞུས་པ། གླང་རྣམས་ཞིང་རྨོ་ཞིང་བོང་བུ་རྣམས་དེ་དག་གི་འཁོར་དུ་རྩྭ་ཟ་ཡིན་ཡོད་པ་ལས། ༡༥ ཤེ་བཱ་པ་རྣམས་དེ་དག་གི་ཐོག་ཏུ་རུབ་ནས་ཁྲིད་ཁྱེར། དེ་མ་ཟད། ཞབས་ཕྱི་རྣམས་རལ་གྲིའི་ཁས་བཀུམ་ནས། བདག་གཅིག་པུ་རང་ཁྱེད་ལ་ལོན་སྐྱེལ་དུ་ཐར་བྱུང་། ༡༦ ཞེས་པའི་ཞུ་འཕྲོ་མ་རྫོགས་པར། ཡང་གཅིག་འོངས་ནས་ཞུས་པ། ནམ་མཁའ་ནས་དཀོན་མཆོག་གི་མེ་བབ་ནས། ལུག་དང་ཞབས་ཕྱི་རྣམས་བསྲེགས་ནས་མེད་པར་བྱས་ཏེ། བདག་གཅིག་པུ་རང་ཁྱེད་ལ་འཕྲིན་སྐྱེལ་དུ་ཐར་བྱུང་། ༡༧ ཞེས་ཞུ་འཕྲོ་མ་རྫོགས་པར། གཞན་ཞིག་འོངས་ནས་ཞུས་པ། ཀལ་དཱི་པ་རྣམས་ཚོ་གསུམ་དུ་བྱས་ནས། རྔ་མོང་རྣམས་ལ་རུབ་ནས་ཁྲིད་ཁྱེར། དེ་མ་ཟད། ཞབས་ཕྱི་རྣམས་རལ་གྲིའི་སོས་བཀུམ་ནས། བདག་གཅིག་འབའ་ཞིག་ཁྱེད་ལ་འཕྲིན་སྐྱེལ་དུ་ཐར་བྱུང་། ༡༨ ཞེས་ཞུ་འཕྲོ་མ་རྫོགས་པར། ཡང་གཅིག་འོངས་ནས་དེ་ལ། ཁྱེད་ཀྱི་སྲས་དང་སྲས་མོ་རྣམས་གཅེན་པོའི་གཟིམ་ཁང་ན་གསོལ་བ་བཞེས་ཤིང་རྒུན་ཆང་མཆོད་ཀྱིན་ཡོད་པ་ལས། ༡༩ གཟིགས་ཤིག འབྲོག་སྟོང་གི་ནང་ནས་རླུང་ཆེན་པོ་ཞིག་བྱུང་ནས། གཟིམ་ཁང་གི་གྲུ་བཞིར་ཕོག་སྟེ། གཞོན་ནུ་རྣམས་ཀྱི་ཐོག་ཏུ་བརྡིབས་ནས། ཁོང་རྣམས་གྲོངས། བདག་གཅིག་པུ་རང་ཁྱེད་ལ་འཕྲིན་སྐྱེལ་དུ་ཐར་བྱུང་ཞེས་ཞུས་པ་དང་།
༢༠ ཡོབ་ཡར་བཞེངས་ནས་བླ་གོས་བཤགས། སྐྲ་བཞར་ནས། སར་ཞལ་འབུབ་ཏུ་ཕྱག་འཚལ་ཞིང་འདི་ན་རེ། ༢༡ བདག་མའི་མངལ་ནས་སྒྲེན་མོར་བྱུང་བ་ཡིན། སླར་ཡང་གཅེར་བུར་བདག་ཕྱིར་ལོག་པར་བྱ། ཡ་ཧོ་ཝཱས་གནང་སྟེ་ཡ་ཧོ་ཝཱས་བསྣམས། ཡ་ཧོ་ཝཱའི་མཚན་ལ་བཀྲ་ཤིས་པར་ཤོག་ཅེས་གསུངས་པ་དང་།
༢༢ འདི་ཐམས་ཅད་ནང་ཡོབ་ཀྱིས་ཉེས་པ་ཡང་མ་བྱས། དཀོན་མཆོག་ལ་བླུན་པོའི་ལུགས་སུ་སྙད་ཀྱང་མ་བཙུག་གོ།