ཨེས་ཐེར་གྱི་མདོ།
རྒྱ་གར་ནས་ཀུས་བྱ་བའི་ཡུལ་གྱི་བར་དུ་སྡེ་བརྒྱ་དང་ཉེར་བདུན་ལ་རྒྱལ་སྲིད་བྱས་པའི་ཨ་ཧས་ཝེ་རོས་དེ་རང་གི་དུས་ཀྱི་བྱ་བ་ནི།  ཨ་ཧས་ཝེ་རོས་ནི་ཤུ་ཤན་དུ་ཡོད་པའི་ཕོ་བྲང་དུ་རྒྱལ་ཁྲིའི་སྟེང་དུ་བཞུགས་དུས་སུ།  རང་གི་རྒྱལ་སྲིད་ཀྱི་ལོ་ངོ་གསུམ་པར། རྒྱལ་ཕྲན་དང་། འཁོར་གཡོག་དང་། ཏ་ཟིག་དང་མ་དཱ་ཨི་ཡུལ་གྱི་དཔོན་པོ་རྣམས་དང་། སྐུ་དྲག་རྣམས་དང་། ལྗོངས་སོ་སོའི་མི་ཆེ་གྲས་ཐམས་ཅད་ལ་དགའ་སྟོན་ཞིག་བྱས་སོ།  དེའི་སྐབས་སུ་དེས་རང་གི་རྒྱལ་སྲིད་རྒྱ་ཆེན་པོའི་ནོར་དབྱིགས་དང་། རང་གི་གཟི་བརྗིད་ཀྱི་དཔལ་ཞག་དུ་མའམ། ཉིན་ཞག་བརྒྱ་དང་བརྒྱད་ཅུའི་བར་དུ་བསྟན་ཏེ།  ཞག་གྲངས་དེ་རྫོགས་ནས་རྒྱལ་པོས་ཤུ་ཤན་དུ་འཛོམས་པའི་མཆོག་དམན་ཐམས་ཅད་ལ་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྱི་ས་ཡབས་ནང་དུ་ཞག་བདུན་མགྲོན་བཏང་ངོ་།  དེར་ཡོལ་བ་དཀར་པོ་དང་ལྗང་ཁུ་དང་སྔོན་པོ་རྣམས་སོ་མ་ར་ཙ་དང་རྒྱ་སྨུག་གི་ཐ་གུ་དང་དངུལ་གྱི་ཨ་ལོང་གིས་རྡོ་ཀ་མ་རུའི་ཀ་བ་རྣམས་ལ་བཏག་ཡོད་པ་ཡིན། གསེར་དངུལ་གྱི་མལ་ཁྲི་རྣམས་རྡོ་ཀ་མ་རུ་དམར་པོ་དང་སྔོན་པོ་དང་དཀར་པོ་དང་ནག་པོའི་རྡོ་བཅལ་གྱི་ཁར་བཞག་ཡོད་པ་ཡིན།  དེ་དག་ལ་བཏུང་དུ་བཏང་བའི་གསེར་ཕོར་རྣམས་ནི་གཅིག་ལས་གཅིག་མི་འདྲ་བ་ཡོད་པ་ཡིན། དབང་སྲིད་ཆེ་བ་དང་བསྟན་ཏེ་རྒྱལ་པོའི་རྒུན་ཆང་མང་པོ་ཡང་བསྟེར་ཏོ།  ཡང་སྐྱེམས་འཐུང་བ་ནི་བཀའ་བཞིན་དུ་ཡོད་དེ། ནན་གྱི་མ་བཏང་ངོ་། གང་ལ་ཞེ་ན། རྒྱལ་པོས་རང་གི་ཁབ་ཀྱི་ལས་སྣེ་བ་རྣམས་ལ། མགྲོན་པོ་རེ་ལ་རང་གི་འདོད་པ་བཞིན་དུ་བླུག་བར་དགོས་ཞེས་བཀའ་ཡོད་པ་ཡིན་ནོ།  ཡང་རྒྱལ་མོ་ཝས་ཏིས་ཀྱང་ཨ་ཧས་ཝེ་རོས་ཀྱི་ཁབ་ཀྱི་བུད་མེད་རྣམས་ལ་མགྲོན་ཞིག་བཤམས་སོ༎
༡༠ ཞག་བདུན་པ་ལ་སྐྱེམས་ཀྱིས་རྒྱལ་པོའི་ཐུགས་སྐྱིད་པོ་ཚོར་བའི་ཚེ། རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་དྲུང་དུ་ཞབས་ཕྱི་བྱེད་པའི་མེ་ཧུ་མན་དང་། བིས་ཐཱ་དང་། ཧར་བོ་ནཱ་དང་། བིག་ཐཱ་དང་། ཨ་བག་ཐཱ་དང་། ཟེ་ཐཱར་དང་། ཀར་ཀས་བྱ་བའི་ཉུག་རུམ་བདུན་པོ་ལ་འདི་སྐད་ཅེས་བཀའ་སྩལ་པ། ༡༡ རྒྱལ་མོ་ཝས་ཏིའི་བྱད་མཛེས་པ་ཡུལ་མི་དང་སྐུ་དྲག་རྣམས་ལ་སྟོན་དུ། རྒྱལ་མོའི་ཅོད་པན་གསོལ་ནས་འདིར་འཁྲིད་ཤོག་ཅེས་བསྒོའོ། གང་ལ་ཞེ་ན། མོའི་བྱད་གཟུགས་ནི་རབ་ཏུ་མཚར་པོ་ཞིག་ཡོད་པ་ཡིན་ནོ། ༡༢ དེ་ནས་ཉུག་རུམ་རྣམས་ཀྱིས་རྒྱལ་པོའི་བཀའ་དེ་སྦྲན་ཀྱང་། རྒྱལ་མོ་ཝས་ཏིས་མི་འགྲོ་བྱས་པས། རྒྱལ་པོ་ཤིན་ཏུ་ཁྲོས་ནས། ཁོག་ནང་ན་ཁོང་ཁྲོའི་མེ་འབར་བར་གྱུར་ཏོ༎
༡༣ རྒྱལ་པོའི་ལས་ཐམས་ཅད་བཀའ་ཁྲིམས་དང་ཡུལ་ཁྲིམས་བཤེས་པ་རྣམས་དང་བསྟུན་ཏེ་བྱས་པས། རྒྱལ་པོས་དུས་ཚོད་ཤེས་པའི་མི་མཁས་པ་རྣམས་དང་བགྲོས་སོ། ༡༤ ཡང་རྒྱལ་པོའི་སྐུ་མདུན་པ་རྣམས་ནི། ཀར་ཤེ་ནཱ་དང་། ཤེ་ཐར་དང་། ཨད་མ་ཐཱ་དང་། ཐར་ཤིས་དང་། མེ་རེས་དང་། མར་སེ་ནཱ་དང་། མེ་མུ་ཀན་་ཏ་ཟིག་དང་མ་དཱ་ཨི་ཡུལ་གྱི་རྒྱལ་ཕྲན་བདུན་པོ་དེ་ཡིན་ཏེ། རྒྱལ་པོའི་ཞལ་མཇལ་མཁན་དང་། རྒྱལ་ཁམས་ཀྱི་ནང་ན་གྲལ་འགོ་འཛིན་མཁན་ཡོད་པ་ཡིན། ༡༥ རྒྱལ་པོས་དེ་རྣམས་ལ། བཀའ་ཁྲིམས་བཞིན་དུ་རྒྱལ་མོ་ཝས་ཏི་ལ་ཇི་ལྟར་བྱེད་པའི་རིགས། དེ་ཅིའི་ཕྱིར་ཞེ་ན། མོས་ནི་ཉུག་རུམ་དག་གིས་སྦྲན་པའི་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་བཀའ་ལ་མ་ཉན་ཏོ། ༡༦ ཞེས་པའི་ལན་དུ་མེ་མུ་ཀན་གྱིས་རྒྱལ་བློན་རྣམས་ཀྱི་དྲུང་དུ། རྒྱལ་མོ་ཝས་ཏིས་ནི་རྒྱལ་པོ་གཅིག་པུ་ལ་མ་ཟད་པར། རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་སྡེ་ཁག་ཀུན་ན་སྡོད་པའི་རྒྱལ་ཕྲན་ཀུན་དང་། ཡུལ་མི་ཐམས་ཅད་ལའང་གནོད་པ་སྐྱེལ་བ་ཡིན། ༡༧ དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཨ་ཧས་ཝེ་རོས་ཀྱིས། རྒྱལ་མོ་ཝས་ཏི་དྲུང་དུ་འཁྲིད་ཤོག་བྱས་ཀྱང་། མོ་དེར་མ་ཕྱིན་པས། རྒྱལ་མོའི་སྐད་ཆ་འདི་ནི་བུད་མེད་ཐམས་ཅད་ཀྱི་ནང་དུ་དར་ཞིང་། ཐོས་པའི་ཚེ་ན། དེ་དག་གིས་རང་རང་གི་བདག་པོ་ལའང་ཁྱད་དུ་གསོད་ཅིང་བརྙས་པར་བྱའོ། ༡༨ རྒྱལ་མོའི་གཏམ་དེ་ཐོས་པའི་ཏ་ཟིག་དང་མ་དཱ་ཨི་ཡུལ་གྱི་བཙུན་མོ་རྣམས་ཀྱིས་དེ་རིང་ཡང་རྒྱལ་པོའི་རྒྱལ་ཕྲན་ཐམས་ཅད་ལ་དེ་ལྟར་ཟེར་བར་འགྱུར་བས། རྔན་ཆེན་དང་འཁྲུག་པ་ཧ་ཅང་མང་པོ་ལྡང་བར་འགྱུར་རོ། ༡༩ རྒྱལ་པོའི་ཐུགས་འགྱེས་ན། ཏ་ཟིག་དང་མ་དཱ་ཨི་པའི་ཁྲིམས་འགྱུར་མེད་བཞིན་རྒྱལ་པོའི་བཀའ་ཤོག་ཅིག་སྤྲིང་བར་མཛོད་ཅིག དེའི་ནང་དུ། རྒྱལ་མོ་ཝས་ཏི་ད་ཕྱིན་ཆད་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་དྲུང་དུ་སླེབ་མི་ཆོག ཡང་མོ་དེ་ལས་ལྷག་པར་བཟང་མོ་ཞིག་ལ་རྒྱལ་པོས་རྒྱལ་མོའི་གོ་ས་གནང་བར་བྱའོ། ཞེས་འབྲིར་ཆུག་མཛོད། ༢༠ ཞེས་པའི་བཀའ་མཆིད་ནི་རྒྱལ་ཁམས་རྒྱ་ཆེན་པོ་ལགས་པ་འདི་ཐམས་ཅད་དུ་རྒྱས་པར་བྱེད་པའི་ཚེ་ན། དྲག་པ་དང་ཞན་པ་གཉིས་ཀྱི་ཆུང་མ་རྣམས་ཀྱིས་རང་རང་གི་བདག་པོ་ལ་བཀུར་སྟི་བྱེད་པར་འགྱུར་རོ། ༢༡ གཏམ་འདི་ལ་རྒྱལ་བློན་རྣམས་དགྱེས་ནས། རྒྱལ་པོས་མེ་མུ་ཀན་གྱི་གཏམ་ཁོ་ན་བཞིན་དུ་བྱས་སོ། ༢༢ དེའི་ཕྱིར་རྒྱལ་པོའི་སྡེ་ཐམས་ཅད་དུ། མི་བརྒྱུད་རེ་རེའི་སྐད་ལུགས་དང་ཡི་གེ་བཞིན་དུ་སྐྱེས་པ་ཀུན་གྱིས་རང་གི་ཁང་པའི་ནང་དུ་གཙོ་བྱེད་པའི་རིགས་སོ། ཞེས་པའི་བཀའ་དེ་མི་རིགས་སོ་སོའི་སྐད་དུ་བཀར་བཏགས་སོ༎