བྱ་བ་དེའི་འོག་ཏུ་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་ཐུགས་ཁྲོ་ཞི་བར་གྱུར་པའི་ཚེ་ན། ཝས་ཏིས་ཅི་བྱས་པ་དང་། དེའི་ཕྱིར་བཀའ་མཆིད་ཅི་གནང་བ་ཐུགས་ལ་དྲན་བྱུང་།  དེ་ནས་རྒྱལ་པོའི་ཞབས་ཕྱི་བྱེད་པའི་དྲུང་འཁོར་རྣམས་ཀྱིས། དར་ལ་བབ་པའི་ན་ཆུང་མཛེས་མ་རྣམས་རྒྱལ་པོའི་ཕྱིར་འཚོལ་དུ་ཆུག་ཅིག་དང་།  རྒྱལ་པོས་རང་གི་སྡེ་ཐམས་ཅད་ཀྱི་ནང་དུ་ལས་ཚན་པ་བསྐོས་ནས། དེ་དག་གིས་ན་ཆུང་མཛེས་མ་ཚང་མ་ཤུ་ཤན་གྱི་ཕོ་བྲང་དུ་བུད་མེད་ཀྱི་ཁྱིམ་དུ་བསྡུས་ཏེ། བཙུན་མོ་རྣམས་བསྲུང་བའི་རྒྱལ་པོའི་ཉུག་རུམ་ཧེ་ཀཱ་ཨིའི་ལག་ཏུ་གཏོད་པ་དང་། དེ་ཚོ་གཙང་མ་བྱེད་པའི་ཕྱིར་དགོས་པ་ཐམས་ཅད་གནང་བའི་རིགས།  ཡང་རྒྱལ་པོ་ཐུགས་མཉེས་པའི་ན་ཆུང་དེ་ནི། ཝས་ཏིའི་ཚབ་ཏུ་རྒྱལ་མོར་མཛོད་ཅིག ཅེས་ཞུས་པའི་གཏམ་རྒྱལ་པོའི་ཐུགས་སུ་བྱོན་ནས། དེ་ལྟར་མཛད་དོ༎
 དེའང་ཤུ་ཤན་མཁར་ན་མར་དོ་ཀཱ་ཨི་བྱ་བའི་ཡ་ཧུ་དཱ་པ་ཞིག་ཡོད་པ་ཡིན། དེ་ནི་ཡ་ཨིར་གྱི་བུ། དེ་ནི་ཤི་མེ་ཨིའི་བུ། དེ་ནི་བེན་ཡ་མིན་པ་ཀིས་ཀྱི་བུའོ།  མི་དེ་ནི་བཱ་བེལ་རྒྱལ་པོ་ནེ་བུ་ཀད་ནེ་ཙར་གྱིས་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཀོན་ཡཱ་དང་བཅས་སུ་ཡེ་རུ་ཤ་ལེམ་ནས་བཟུང་ཁྱེར་བ་ཞིག་ཡིན་ནོ།  དེས་ནི་རང་གི་ཁུ་བོའི་བུ་མོ་ཧ་ད་སཱའམ་ཨེས་ཐེར་བྱ་བ་བསྲེལ་བ་ཡིན། གང་ལ་ཞེ་ན། དེའི་ཕ་མ་གཉིས་མེད་དེ། མོ་ནི་བྱད་གཟུགས་ལེགས་ཤིང་མཛེས་མོ་ཡིན་ཏེ། ཕ་མ་ཤི་བའི་ཚེ། མར་དོ་ཀཱ་ཨིས་དེ་ནི་རང་ཕྲུག་ཏུ་བྱས་སོ།  རྒྱལ་པོའི་བཀའ་དང་གསུང་ཐོས་པའི་ཚེ། ན་ཆུང་མང་པོ་ཤུ་ཤན་མཁར་དུ་ཧེ་ཀཱ་ཨིའི་མདུན་དུ་བསྡུས་ནས། ཨེས་ཐེར་ཡང་རྒྱལ་ཁབ་ཏུ་བཙུན་མོ་རྣམས་བསྲུང་མཁན་ཧེག་ཨིའི་ལག་བཏད་དོ།  དེ་ནི་མོ་ལ་འཐད་པས་བཀའ་དྲིན་བྱས་ཏེ། མྱུར་དུ་མོ་ལ་གཙང་སྦྲ་བྱེད་པའི་རྫས་དང་གཞན་ཅི་དགོས་པ་ཐམས་ཅད་བྱིན་ཏོ། དེ་མ་ཟད་རྒྱལ་པོའི་མཁར་ནས་མོ་ལ་མཁོ་བའི་བུ་མོ་བདུན་ཡང་བཏང་ནས། མོ་དང་དེའི་ཞལ་ཏ་མ་རྣམས་ལ་བཙུན་མོ་ཀུན་གྱི་ཁྱིམ་ལེགས་ཤོས་དེ་བཏང་ངོ་། ༡༠ ཨེས་ཐེར་གྱིས་རང་གི་མི་བརྒྱུད་དང་གཉེན་དྲུང་མ་བཤད་དོ། ཅི་ལ་ཞེ་ན། མར་དོ་ཀཱ་ཨིས་མ་བཤད་ཅེས་བསླབས་པས་སོ། ༡༡ ཡང་མར་དོ་ཀཱ་ཨི་ནི། ཨེས་ཐེར་ཇི་ལྟར་ཡོད་པ་དང་། དེ་ལ་ཅི་འགྲོ་རྟོགས་པའི་ཕྱིར། ཉིན་རེ་བཞིན་དུ་བཙུན་མོའི་ཁྱིམ་གྱི་ཚོམས་སྐོར་གྱི་མདུན་དུ་འགྲུལ་བར་བྱས་སོ༎
༡༢ དེའང་བུད་མེད་དེ་རྣམས་ལ་གཙང་སྦྲ་བྱེད་དུ་ཟླ་བ་དྲུག་མིར་གྱི་སྣུམ་གྱིས་སྐུད་པ་དང་། ཡང་ཟླ་བ་དྲུག་དྲི་བཟང་ལ་སོགས་པ་འབྱུག་དགོས་ཤིང་། བུད་མེད་ཀྱི་ལུགས་ནང་ལྟར་ཟླ་བ་བཅུ་གཉིས་རྫོགས་ཏེ། ན་ཆུང་རེ་རེ་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱི་དྲུང་དུ་འགྲོ་བའི་རེས་མོ་ལ་བབས་སོ། ༡༣ དེ་ནས་ན་ཆུང་རེ་རེ་རྒྱལ་པོའི་དྲུང་དུ་འགྲོ་ལུགས་ནི། རྒྱལ་པོའི་ཕོ་བྲང་དུ་འགྲོ་སྐབས་སུ་བཙུན་མོའི་ཁྱིམ་ལས་མོས་གང་འདོད་མཉམ་དུ་འཁྱེར་བའི་ཕྱིར་གཏོང་དགོས་ཡོད་པ་ཡིན། ༡༤ ཕྱི་དྲོར་སོང་ནས་སྔ་དྲོར་བཙུན་མོའི་ཁྱིམ་གཉིས་པར་ལོག་འོངས་ནས། ཟུར་གྲོགས་རྣམས་བསྲུང་བའི་རྒྱལ་པོའི་ཉུག་རུམ་ཤ་ཨས་གས་ཀྱི་ལག་ཏུ་བསླེབས་ནས། རྒྱལ་པོས་འདོད་དུས་སུ་མིང་ནས་བོས་ནས་མ་གཏོགས་པར། རྒྱལ་པོའི་དྲུང་དུ་མ་སོང་ངོ་༎
༡༥ དེ་ནས་མར་དོ་ཀཱ་ཨིས་རང་ཕྲུག་ཏུ་བྱས་པའི་མར་དོ་ཀཱ་ཨིའི་ཁུ་བོ་ཨ་བི་ཧ་ཨིལ་གྱི་བུ་མོ་ཨེས་ཐེར་ཡང་། རྒྱལ་པོའི་དྲུང་དུ་འགྲོ་བའི་རེས་ལ་བབ་ནས། བཙུན་མོ་རྣམས་སྲུང་བའི་རྒྱལ་པོའི་ཉུག་རུམ་ཧེ་ཀཱ་ཨིས་བསྐོས་པ་དེ་མ་གཏོགས་པར་གཞན་ལ་མ་སྲེད་དོ། ཡང་ཨེས་ཐེར་མཐོང་ཚད་ཀྱིས་དེ་ལ་སྡུག་པར་བཟུང་ངོ་། ༡༦ དེ་ལྟར་རྒྱལ་པོ་ཨ་ཧས་ཝེ་རོས་ཀྱིས་སྲིད་བྱེད་པའི་ལོ་བདུན་པའི་ཏེ་བེད་བྱ་བའི་ཟླ་བ་བཅུ་པ་ལ། ཨེས་ཐེར་ཡང་རྒྱལ་པོའི་དྲུང་དུ་ཁྱེར་ཏོ། ༡༧ རྒྱལ་པོས་ཨེས་ཐེར་ལ་བུད་མེད་ཐམས་ཅད་ལས་གཅེས་པར་མཛད་དེ། ན་ཆུང་ཐམས་ཅད་ལས་འདི་ལ་ཁོང་གི་དྲུང་དུ་ཐུགས་རྗེ་དང་གཟིགས་པ་ཆེ་བ་བརྙེད་པས། རྒྱལ་མོའི་ཅོད་པན་མགོར་བསྐོན་ནས། ཝས་ཏིའི་ཚབ་ཏུ་རྒྱལ་མོར་མཛད་དེ། ༡༨ རྒྱལ་པོས་རང་གི་རྒྱལ་ཕྲན་དང་འཁོར་ཐམས་ཅད་ལ་ཨེས་ཐེར་གྱི་ཕྱོགས་ནས་མགྲོན་རྒྱས་པ་ཞིག་བྱས། སྡེ་རྣམས་ཀྱི་དཔྱ་ཁྲལ་ཕུད་ནས། རྒྱལ་པོའི་ཚུལ་དང་མཚུངས་པའི་གནང་སྦྱིན་ཡང་བསྟེར་རོ༎
༡༩ ཡང་ན་ཆུང་རྣམས་ལན་གཉིས་པར་བསྡུ་བའི་ཚེ། མར་དོ་ཀཱ་ཨི་རྒྱལ་པོའི་རྟ་སྒོར་བསྡད་ཡོད་པ་ཡིན། ༢༠ ཨེས་ཐེར་གྱིས་མར་དོ་ཀཱ་ཨིས་བསྒོ་བ་བཞིན་དུ། རང་གི་གཉེན་དང་མི་བརྒྱུད་མ་བཤད་དོ། ཅི་ལ་ཞེ་ན། ཨེས་ཐེར་ནི་མར་དོ་ཀཱ་ཨིས་དེ་བསྐྱང་དུས་སུ་ཉན་པ་ལྟར། ད་དུང་ཁོའི་ཞལ་ཏ་ལ་ཉན་ཏོ། ༢༡ དེའི་ཚེ་ན་མར་དོ་ཀཱ་ཨི་རྒྱལ་པོའི་རྟ་སྒོར་བསྡད་སྐབས་སུ། རྒྱལ་པོའི་ཉུག་རུམ་བིག་ཐན་དང་ཏེ་རེས་བྱ་བའི་སྒོ་བསྲུང་པ་གཉིས་ཁྲོས་ཤིང་། རྒྱལ་པོ་ཨ་ཧས་ཝེ་རོས་ལ་ལག་དར་དུ་བསྙེགས་པ་དང་། ༢༢ ཡང་མར་དོ་ཀཱ་ཨི་ལ་དེའི་རྒྱུས་སོང་བས། དེས་རྒྱལ་མོ་ཨེས་ཐེར་ལ་བཤད། ཨེས་ཐེར་གྱིས་མར་དོ་ཀཱ་ཨིའི་མིང་བླངས་ནས། རྒྱལ་པོ་ལ་ཞུས་སོ། ༢༣ དེ་ནས་བྱ་བ་དེའི་ཕྱིར་ཞིབ་དཔྱོད་གནང་ནས་བརྟག་པར་གྱུར་པས། མི་དེ་གཉིས་ཤིང་ཁར་འཕྱར་ལ་བཏང་ནས་བསད་དོ། ཡང་བྱ་བ་འདི་རྒྱལ་པོའི་དྲུང་དུ་རྒྱལ་རབས་ཀྱི་དཔེ་ཆའི་ནང་དུ་བྲིས་སོ༎