ནེ་ཧེམ་ཡཱའི་མདོ།
ཧ་ཁལ་ཡཱའི་བུ་ནེ་ཧེམ་ཡཱའི་གཏམ་རྒྱུད་ནི། ལོ་ཉི་ཤུ་པའི་ཁིས་ལེབ་ཟླ་བའི་ནང་དུ། ང་ཤུ་ཤན་གྱི་རྒྱལ་ཁབ་ཏུ་ཡོད་པའི་ཚེ། འདི་ལྟར་བྱུང་།  དེའང་ངའི་སྤུན་གྱི་ནང་ནས་གཅིག ཧ་ནཱ་ནི་བྱ་བ་དང་། ཡ་ཧུ་དཱ་པ་ཁ་ཤས་འོངས་པ་དང་། ངས་དེ་རྣམས་ལ་བཙོན་གྱི་ནང་ནས་བུད་ནས་ཐར་པའི་ཡ་ཧུ་དཱ་པ་རྣམས་དང་ཡེ་རུ་ཤ་ལེམ་གྱི་སྐོར་ལ་དྲིས་པའི་ལན་དུ།  དེ་རྣམས་ཀྱིས་ང་ལ། བཙོན་ནས་ཐར་ཏེ་ལུས་པ་རྣམས་ནི་ཡུལ་དེར་སྡུག་བསྔལ་ཆེན་པོ་དང་སྨད་པ་མྱོང་གིན་འདུག་པ་མ་ཟད། ཡེ་རུ་ཤ་ལེམ་གྱི་ལྕགས་རི་བཤིག་པ་དང་། དེའི་རྟ་སྒོ་རྣམས་མེས་བསྲེགས་ནས་འདུག་གོ།
 ཞེས་པའི་གཏམ་ཐོས་པ་དང་། ས་རུ་བསྡད་ནས་ངུས་ཏེ། ཞག་ཁ་ཤས་སྨྱུང་གནས་བསྲུང་སྟེ། ནམ་མཁའི་དཀོན་མཆོག་གི་དྲུང་དུ་གསོལ་བ་བཏབ་ནས།  ཀྱེ་ཡ་ཧོ་ཝཱ་ནམ་མཁའི་དཀོན་མཆོག ཁྱེད་ནི་ཆེན་པོ་དང་འཇིགས་སུ་རུང་བའི་དཀོན་མཆོག་ལགས། ཁྱེད་ལ་ཆགས་ཤིང་ཁྱེད་ཀྱི་བཀའ་བསྲུང་བ་རྣམས་ལ་ཞལ་ཆད་བཞིན་དུ་ཐུགས་རྗེ་མཛད་མཁན་ཡང་ལགས།  ད་ལྟ་ཁྱེད་ཀྱི་བྲན་པོ་ངས་ཉིན་མཚན་མེད་པར་ཁྱེད་ཀྱི་དྲུང་དུ་འདེབས་པའི་གསོལ་བ་གསན་པའི་ཕྱིར་སྙན་ཐོད་ལ། སྤྱན་ཕྱེས་མཛོད། བདག་ཚོས་ཁྱེད་དྲུང་བྱས་པའི་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྡིག་པ་རྣམས་མཐོལ་ལོ། ང་རང་དང་ངའི་ཕ་མེས་ཀྱི་བརྒྱུད་གཉིས་པོས་ཀྱང་ཉེས་སྡིག་བྱས་པ་ཡིན།  ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་མོ་ཤེ་ལ་གནང་བའི་བཀའ་ཁྲིམས་དང་། སྤྱད་མཚམས་དང་། ཁྲིམས་རྣམས་བདག་ཅག་གིས་མ་བསྲུང་བར། ཁྱེད་ལ་མི་རིགས་པ་ཤིན་ཏུ་མང་པོ་བྱས་སོ།  ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་མོ་ཤེ་ལ་གསུངས་པ་དེ་དྲན་པའི་ཕྱིར་བདག་གིས་ཁྱེད་ལ་གསོལ་ལོ། ཁྱེད་ཀྱིས་དེ་ལ། ཇི་སྟེ་ཁྱོད་རྣམས་ཀྱིས་སྡིག་པའི་ལས་བྱེད་ན། ངས་ཁྱོད་རྣམས་མི་བརྒྱུད་ཀུན་གྱི་ནང་དུ་གཏོར་བར་བྱ།  གལ་ཏེ་ཁྱོད་རྣམས་ངའི་ཕྱོགས་སུ་སྒྱུར་ཏེ། ངའི་བཀའ་ཁྲིམས་སྲུང་ཞིང་དེ་བཞིན་དུ་བྱེད་ན། ཁྱོད་ནང་ནས་སུ་ཞིག་ཡན་ཏེ། ནམ་མཁའི་མཐའ་མའི་མཐའ་མར་བསླེབ་ཡོད་རུང་། ངས་ཁོ་དེ་ནས་ཀྱང་བསྡུས་ཏེ། ཉིད་ཀྱི་མཚན་འཇོག་པའི་ཕྱིར་འདམས་པའི་གནས་དེར་འཁྲིད་པར་བྱའོ་གསུངས་པ་ལགས། ༡༠ ད་འདི་དག་ནི་ཁྱེད་ཀྱིས་ཉིད་ཀྱི་མཐུ་ཆེན་པོ་དང་ཕྱག་སྟོབས་པོ་ཆེས་སྐྱོབས་པར་མཛད་པའི་ཁྱེད་ཀྱི་བྲན་དང་མི་སྡེ་ཡིན། ༡༡ ཀྱེ་ཡ་ཧོ་ཝཱ། ད་ཁྱེད་ཀྱི་བྲན་པོ་ང་དང་། ཁྱེད་ཀྱི་མཚན་ལ་བག་བྱེད་པར་འདོད་པའི་བྲན་པོ་རྣམས་ཀྱི་གསོལ་བ་ལ་སྙན་གཅང་པོ་མཛོད་ཅིག དེ་རིང་ཁྱེད་ཀྱི་བྲན་པོའི་ལས་དོན་སྒྲུབ་པར་མཛོད། མི་འདིའི་མདུན་དུ་ང་ལ་ཐུགས་རྗེ་གནོང་ཞིག་ཅེས་གསོལ་ཏོ༎
ང་ནི་རྒྱལ་པོའི་སྐྱེམ་ཞུ་མཁན་ཡོད་པས་དེ་ལྟར་ཞུས་པ་ཡིན་ནོ༎