དེ་ནས་རྒྱལ་པོ་ཨར་ཐག་ཤས་ཐཱས་སྲིད་བྱེད་པའི་ལོ་ཉི་ཤུ་པའི་ཟླ་བ་ནི་སཱན་གྱི་དུས་སུ་ཅི་བྱུང་ཞེ་ན། དེར་ཁོང་གི་མདུན་དུ་རྒུན་ཆང་ཡོད་དེ། ངས་རྒུན་ཆང་དེ་ཐོགས་ནས་རྒྱལ་པོ་ལ་ཕུལ་ཏོ། ཉིན་དེའི་བར་དུ་ང་ལ་རྒྱལ་པོའི་དྲུང་དུ་སེམས་སྐྱོ་བ་ནམ་ཡང་མ་བྱུང་བས།  རྒྱལ་པོས་ང་ལ། ནད་མེད་པར་ཁྱོད་ཀྱི་གདོང་སྐྱོ་མོ་འདྲ་མཐོང་བ་དེ་ཅི་ཡིན། དེ་ནི་སྙིང་ཚེར་ལས་གཞན་གང་ཡང་མིན་ནོ་གསུངས་པ་དང་། ང་ནི་ཤིན་ཏུ་འཇིགས་སྐྲགས་ཏེ་རྒྱལ་པོ་ལ།  རྒྱལ་པོའི་སྐུ་ཚེ་རྒྱུན་དུ་བརྟན་པར་ཤོག ངའི་ཡབ་མེས་ཀྱི་སྤུར་ཁང་ཡོད་པའི་གྲོང་ཁྱེར་དེ་སྟོངས་ནས། དེའི་རྟ་སྒོ་རྣམས་མེས་བསྲེགས་ནས་ཡོད་པས། ངའི་ངོ་གདོང་ནང་ཚེར་ཀ་ཅི་ལ་མི་འབྱུང་ཞུས་པ་ལས།  རྒྱལ་པོས་ང་ལ། ད་ཁྱོད་ལ་ཞུ་བ་ཅི་ཡོད་གསུངས་པས། ངས་ནམ་མཁའི་དཀོན་མཆོག་ལ་གསོལ་བ་བཏབ་ནས་རྒྱལ་པོ་ལ།  གལ་ཏེ་རྒྱལ་པོའི་ཐུགས་ལ་འབབ་ཅིང་། ཁྱེད་ཀྱི་ཞབས་ཕྱི་ང་ནི་ཐུགས་རྗེའི་གཟིགས་པ་ཐོབ་པ་ཞིག་ལགས་ན། ཕྲན་ཡ་ཧུ་དཱར་ངའི་ཡབ་མེས་ཀྱི་སྤུར་ཁང་ཡོད་པའི་གྲོང་ཁྱེར་དེ་རྩིག་པའི་ཕྱིར་དུ། དེར་གནང་དུ་གསོལ་ཞུས་པ་དང་།  རྒྱལ་མོའང་ཁོང་དང་མཉམ་དུ་བཞུགས་ཡོད་དེ། རྒྱལ་པོས་ང་ལ། ཁྱོད་ལམ་ལ་ག་ཚོད་འགོར་ཡོང་། ནམ་ལོག་འོང་བར་བྱ་དྲིས་བྱུང་། དེའང་རྒྱལ་པོས་ང་གཏོང་བ་ཐུགས་ལ་བབ་པས། ངས་ཁོང་ལ་ཅི་ཙམ་འགོར་འོང་ཞུས་པ་ཡིན།  གཞན་ཡང་ངས་རྒྱལ་པོ་ལ། རྒྱལ་པོ་ཐུགས་མཉེས་ན། གཙང་པོའི་ཕ་རོལ་གྱི་བློན་པོ་རྣམས་ཀྱིས་ང་ཡ་ཧུ་དཱའི་བར་དུ་སྐྱེལ་བའི་ཕྱིར་བཀའ་ཤོག་ཅིག་དང་།  མཆོད་ཁང་དང་ཉེ་བར་ཡོད་པའི་རྒྱལ་ཁབ་ཀྱི་སྒོ་རྣམས་དང་གྲོང་ཁྱེར་གྱི་ལྕགས་དང་། ང་སྡོད་བྱའི་ཁྱིམ་གྱི་གདུང་མ་བཟོ་བའི་ཕྱིར་ཤིང་གཏོང་བའི་ཆེད་དུ། རྒྱལ་པོའི་ནགས་ཚལ་སྲུང་མཁན་ཨ་སབ་ལ་ཡང་བཀའ་ཤོག་ཅིག་གནང་རོགས་མཛོད་ཅེས་ཞུས་པས། དཀོན་མཆོག་གི་ཕྱག་བཀའ་དྲིན་ཅན་ངའི་ཁར་ཡོད་པས། རྒྱལ་པོས་དེ་བཞིན་དུ་གནང་བྱུང་།
 དེ་ནས་ང་གཙང་པོའི་ཕ་རོལ་གྱི་བློན་པོ་རྣམས་ཀྱི་རྩར་བསླེབས་ནས། རྒྱལ་པོའི་བཀའ་ཤོག་རྣམས་བཏང་བ་ཡིན། རྒྱལ་པོས་ཀྱང་ང་དང་མཉམ་པོ་དམག་དཔོན་དང་རྟ་པ་རྣམས་གནང་ཡོད་པ་ཡིན་ནོ། ༡༠ ཡང་ཧོ་རོན་པ་སན་བལ་ལད་དང་། ཨམ་མོན་པ་ཏོ་བི་ཡཱ་བྲན་འཁོལ་གཉིས་པོས་དེ་ཐོས་པའི་ཚེ། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་བདེ་སྡུག་འདྲི་རུ་མི་ཞིག་སླེབ་བྱུང་བ་ལ་ཤིན་ཏུ་མི་དགའ་བར་གྱུར་ཏོ༎
༡༡ དེ་ལྟར་ང་ཡེ་རུ་ཤ་ལེམ་དུ་འོངས་ནས། དེར་ཞག་གསུམ་བསྡད་པའི་འོག་ཏུ། ༡༢ ང་རང་དང་། ང་དང་མཉམ་དུ་ཡོད་པའི་མི་འགའ་ཞིག་མཚན་ལ་ལངས་སོ། དཀོན་མཆོག་གིས་ངའི་སྙིང་གི་ནང་དུ། ཡེ་རུ་ཤ་ལེམ་དུ་ཇི་ལྟར་བྱེད་དགོས་བསྟན་པར་མཛད་པ་དེ་ནི་མི་སུ་ལ་ཡང་མ་བཤད་པ་ཡིན། ང་རང་ཞོན་ཡོད་པའི་དུད་འགྲོ་དེ་མ་གཏོགས་པར་གཞན་དུད་འགྲོ་གང་ཡང་ང་དང་མཉམ་དུ་མེད་པ་ཡིན། ༡༣ མཚན་མོར་ང་ལུང་པའི་རྟ་སྒོ་ནས་ཐོན་ཏེ། འབྲུག་གི་ཁྲོན་པ་དང་། ལུད་སྒོའི་ཕྱོགས་སུ་ཕྱིན་ཏེ། ཡེ་རུ་ཤ་ལེམ་གྱི་ལྕགས་རི་བཞིག་པོ་རྣམས་དང་། རྟ་སྒོ་མེས་བསྲེགས་པ་རྣམས་ལ་བལྟས་ཏེ། ༡༤ དེ་ནས་ཆུ་མིག་གི་རྟ་སྒོ་དང་། རྒྱལ་པོའི་རྫིང་དུ་ཕྱིན་པ་ཡིན། དེར་ང་ཞོན་པའི་དུད་འགྲོ་ཐར་ས་མེད་པ་ཡིན། ༡༥ དེ་ནས་མཚན་མོར་གྲོག་པོ་རྒྱུད་དེ་ཡར་ཕྱིན་ཏེ། ལྕགས་རི་ལ་བལྟས་ནས་ལུང་པའི་རྟ་སྒོར་ཞུགས་ཏེ་ལོག་འོངས་སོ། ༡༦ སྡེ་དཔོན་རྣམས་ལ་ང་གར་སོང་པ་དང་ཇི་བྱས་པའི་ཆ་མེད་པ་ཡིན། ངས་དེའི་བར་དུ་ཡ་ཧུ་དཱ་པ་དང་། བླ་མ་དང་། སྐུ་དྲག་དང་། སྡེ་དཔོན་དང་། གཞན་ལས་བྱེད་པ་གང་ལ་ཡང་མ་བཤད་པར་ཡོད་པ་ཡིན།
༡༧ དེར་ངས་དེ་རྣམས་ལ་ཁྱེད་ཚོས་ངེད་ལ་ཕོག་པའི་སྡུག་བསྔལ་དང་། ཡེ་རུ་ཤ་ལེམ་ཇི་ལྟར་དུ་བཞིག་པ་དང་། སྒོ་རྣམས་མེས་བསྲེགས་ནས་ཡོད་པ་རྣམས་གཟིགས་པས། ཤོག་ལ། མཇུག་ཏུ་ང་ཚོ་ལ་གཏམ་ངན་མི་འཕོག་པའི་ཆེད་དུ། ཡེ་རུ་ཤ་ལེམ་གྱི་ལྕགས་རི་རྩིག་པར་བྱ་སྨྲས་ནས། ༡༨ དེ་རྣམས་ལ་ངའི་དཀོན་མཆོག་གི་ཕྱག་ཇི་ལྟར་བཀའ་དྲིན་ཅན་དང་། རྒྱལ་པོས་ང་ལ་སྨྲས་པའི་གཏམ་ཚང་མ་བཤད་པས། དེ་ཚོ་ན་རེ། ལོངས་ཤིག ངེད་རྣམས་ཀྱིས་རྩིག་པར་བྱའོ་ཟེར་ནས། དེ་དག་གིས་ལས་བཟང་འདིའི་ཕྱིར་རང་གི་ལག་པ་ལ་ཤེད་བཅུག་གོ། ༡༩ འོན་ཀྱང་ཧོ་རོན་པ་སན་བལ་ལད་དང་། ཨམ་མོན་པ་བྲན་འཁོལ་ཏོ་བི་ཡཱ་དང་། ཨ་རཱབ་པ་གེ་ཤེམ་གསུམ་པོས་འདི་ཐོས་པའི་ཚེ། ང་རྣམས་ལ་ཁྲེལ་བགད་བྱས་ནས། བརྙས་པར་བྱེད་ཅིང་། ཁྱོད་རྣམས་ཀྱིས་བྱེད་པ་འདི་ཅི་ཡིན། རྒྱལ་པོ་ལ་ངོ་ལོག་བྱའམ་ཞེས་སྨྲས་པ་དང་། ༢༠ ངས་དེ་དག་ལ་ལན་དུ། ནམ་མཁའི་དཀོན་མཆོག་གིས་ངེད་ཀྱི་ལས་དོན་བསྒྲུབ་པར་མཛད་པར་འགྱུར་བས་ན། ང་ཚོ་ཁོང་གི་གཡོག་པོ་རྣམས་ལངས་ཏེ་རྩིག་པར་བྱའོ། འོན་ཀྱང་ཁྱོད་རྣམས་ལ་ཡེ་རུ་ཤ་ལེམ་ནང་སྐལ་བ་དང་། ཐོབ་ཐང་དང་། དྲན་བྱའི་རྟགས་གང་ཡང་མེད་དོ་བྱས་པ་ཡིན་ནོ༎