ཨེས་རཱའི་མདོ།
ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་ལོ་ངོ་དང་པོར། ཡ་ཧོ་ཝཱའི་བཀའ་ཡེ་རེམ་ཡཱའི་ཁ་ནས་གསུངས་པ་དེ་སྒྲུབ་པའི་ཕྱིར། ཡ་ཧོ་ཝཱས་ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་སྙིང་སྐུལ་བརྡ་མཛད་པས། དེས་རང་གི་རྒྱལ་ཁམས་ཐམས་ཅད་དུ་མངོན་བཅུག་སྟེ། ཡི་གེར་ཡང་བྲིས་ཏེ་འདི་སྐད་དུ།
 ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱིས་འདི་ལྟར་གསུང་། ནམ་མཁའི་དཀོན་མཆོག་ཡ་ཧོ་ཝཱས་ང་ལ་ས་གཞི་འདིའི་རྒྱལ་ཁམས་ཐམས་ཅད་གནང་ནས། ཁོང་གིས་ང་ལ། ཡ་ཧུ་དཱའི་ཡེ་རུ་ཤ་ལེམ་དུ་ང་ལ་ཕོ་བྲང་ཞིག་ཞོང་ཞེས་གསུངས་པས།  ཁྱོད་ཅག་གི་ཁྲོད་དུ་ཁོང་གི་འབངས་གང་ཡིན་པ་རྣམས། དཀོན་མཆོག་དང་སྡེབས་ཏེ། ཡ་ཧུ་དཱའི་ཡེ་རུ་ཤ་ལེམ་དུ་སོང་སྟེ། ཨིས་ར་ཨེལ་གྱི་དཀོན་མཆོག་ཡ་ཧོ་ཝཱའི་ཕོ་བྲང་དེ་རྩིག་དགོས། དེ་ཅིའི་ཕྱིར་ཞེ་ན། ཡེ་རུ་ཤ་ལེམ་དུ་བཞུགས་པ་དེ་ནི་དཀོན་མཆོག་ཉིད་ལགས་པའི་ཕྱིར་རོ།  ཡང་གནས་རེ་རེ་ན་མི་གང་ཞིག་བྱེས་པར་གྱུར་ཏེ་ལུས་པ་དེ་ལ། གནས་དེའི་མི་རྣམས་ཀྱིས་དངུལ་དང་། གསེར་དང་། ཟོག་དང་། དུད་འགྲོ་རྣམས་ཀྱིས་ར་མདའ་བྱེད་དགོས། དེ་མ་གཏོགས་པར་དེ་དག་གིས་ཡེ་རུ་ཤ་ལེམ་ན་ཡོད་པའི་དཀོན་མཆོག་གི་ཕོ་བྲང་གི་ཆེད་དུ་རང་འཐད་བཞིན་དུ་འབུལ་བ་ཕུལ་དགོས་ཤེས་བཀའ་སྩལ་ཏོ༎
 དེར་ཡ་ཧུ་དཱ་དང་། བེན་ཡ་མིན་གྱི་ཕ་མེས་བརྒྱུད་ཀྱི་དཔོན་པོ་དང་། བླ་མ་དང་། ལེ་ཝི་པ་རྣམས་དང་། དཀོན་མཆོག་གིས་སྙིང་བསྐུལ་བ་ཐམས་ཅད་ཡེ་རུ་ཤ་ལེམ་དུ་ཡོད་པའི་ཡ་ཧོ་ཝཱའི་ཕོ་བྲང་དེ་རྩིག་ཏུ་འགྲོ་བའི་ཕྱིར་ལངས་སོ།  ཡང་དེ་དག་གི་ཉེ་འཁོར་དུ་འདུག་པ་རྣམས་ཀྱིས་དངུལ་གྱི་ཡོ་བྱད་དང་གསེར་དང་། ཕྱུགས་དང་། རིན་པོ་ཆེ་རྣམས་ཀྱིས་དེ་དག་ལ་ར་མདའ་བྱས་སོ། དེ་མ་ཟད། དེ་རྣམས་ཀྱིས་རང་འཐད་བཞིན་དུ་འབུལ་པ་ཕུལ་ཏོ།  སྔར་ནེ་བུ་ཀད་ནེ་ཙར་གྱིས་ཡ་ཧོ་ཝཱའི་ཕོ་བྲང་གི་ཡོ་བྱད་རྣམས་ཡེ་རུ་ཤ་ལེམ་ནས་ཁྱེར་ནས། རང་གི་ལྷ་ཁང་དུ་བཞག་པ་དེ་རྣམས་ནི་རྒྱལ་པོ་ཀོ་རེས་ཀྱིས་བཏོན་ཏོ།  གང་ལ་ཞེ་ན། ཏ་ཟིག་གི་རྒྱལ་པོ་ཀོ་རེས་ཀྱི་བཀའ་བཞིན་དུ། ཕྱག་མཛོད་མིད་རེ་དད་ཀྱི་ལག་ནས་དེ་དག་བཏོན་ཏེ། ཡ་ཧུ་དཱའི་དཔོན་པོ་ཤེས་བ་ཙར་གྱི་མདུན་དུ་རྩིས་ཤིང་སྤྲད་དོ།  དེ་དག་གི་སྡོམ་གྲངས་ནི། གསེར་གྱི་གསོལ་སྡེར་༣༠དང་། དངུལ་གྱི་གསོལ་སྡེར་༡༠༠༠དང་། གྲི་༢༩དང་། ༡༠ གསེར་གྱི་ཕོར་པ་༣༠དང་། དངུལ་གྱི་ཕོར་པ་༤༡༠། ཡང་གཞན་རིགས་ཀྱི་སྣོད་སྟོང་གཅིག་གོ། ༡༡ གསེར་དང་དངུལ་གྱི་སྣོད་ཐམས་ཅད་ཀྱི་སྡོམ་གྲངས་༥༤༠༠ཡོད་པ་ཡིན། དེ་ཐམས་ཅད་ནི་ཤེས་བ་ཙར་གྱིས་བཱ་བེལ་ནས་འཁྱེར་ཡོངས་ཏེ། བཙོན་ལ་ཡོད་པའི་མི་རྣམས་དང་བཅས་ཡེ་རུ་ཤ་ལེམ་དུ་ཁྱེར་ཏོ༎