སྔོན་རབས་ཀྱི་མདོ་གཉིས་པ།
༡
ཡང་དཱ་བིད་ཀྱི་སྲས་ཤ་ལོ་མོའི་རྒྱལ་སྲིད་ལ་སྲད་ཆགས་ཏེ། ཡ་ཧོ་ཝཱ་དེའི་དཀོན་མཆོག་དེ་དང་བསྡེབས་ནས། དེའི་དབུ་རྨོག་རབ་ཏུ་མཐོ་བར་མཛད་དོ༎༢ དེ་ནས་ཤ་ལོ་མོས་ཨིས་ར་ཨེལ་ཡོངས་དང་། སྟོང་དཔོན་དང་། བརྒྱ་དཔོན་དང་། ཁྲིམས་དཔོན་དང་། ཨིས་ར་ཨེལ་ཡོངས་ཀྱི་ཕ་སྤད་ཀྱི་འགོ་བྱེད་ཡིན་པའི་རྗེ་དཔོན་ཚོ་ལ་གཏམ་བྱས་ནས། ༣ ཤ་ལོ་མོ་དང་བཅས་སུ་མི་ཚོགས་ཚང་མ་གི་བེ་ཨོན་གྱི་མཐོ་གླིང་དུ་ཆས་སོ། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་འབྲོག་སྟོང་ལ་བཟོས་པའི་དཀོན་མཆོག་གི་གུར་མཆོག་ནི་གནས་དེར་ཡོད་པ་ཡིན། ༤ འོན་ཀྱང་དཱ་བིད་ཀྱིས་ཁིར་ཡད་ཡེ་ཨ་རིམ་ནས་དཀོན་མཆོག་གི་སྒྲོམ་དེ་ཡར་གདན་དྲངས་ནས། དེའི་ཕྱིར་བཤམས་པའི་གནས་སུ་བཞག་གོ། གང་ལ་ཞེ་ན། ཁོང་གིས་ཡེ་རུ་ཤ་ལེམ་དུ་དེའི་ཕྱིར་དུ་གུར་ཞིག་སྤུབས་ཡོད་པ་ཡིན། ༥ གཞན་ཡང་། ཧུར་གྱི་ཚ་བོ། ཨུ་རིའི་བུ་བེ་ཚ་ལེ་ཨེལ་གྱིས་བཟོས་པའི་ར་གན་གྱི་མཆོད་ཁྲི་དེ་ཡ་ཧོ་ཝཱའི་གུར་མཆོག་དེའི་དྲུང་དུ་བཞག་སྟེ་ཡོད་པ་དང་། ཤ་ལོ་མོ་དང་ཚོགས་ཐམས་ཅད་དེར་གསོལ་བ་འདེབས་སུ་ཕྱིན་ནས། ༦ ཤ་ལོ་མོ་ཡ་ཧོ་ཝཱའི་དྲུང་དུ། ཚོགས་ཀྱི་གུར་གྱི་མདུན་ན་ཡོད་པའི་ར་གན་གྱི་མཆོད་ཁྲིའི་རྩར་འཛེགས་ནས། སྦྱིན་སྲེག་སྟོང་ཕྲག་གཅིག་ཕུལ་ཏོ༎
༧ དེའི་མཚན་མོར་ཤ་ལོ་མོ་ལ་དཀོན་མཆོག་སྣང་བར་གྱུར་ནས་དེ་ལ། ངས་ཁྱོད་ལ་ཅི་གནང་། ཞུས་ཤིག བསྒོ་བ་དང་། ༨ ཤ་ལོ་མོས་དཀོན་མཆོག་ལ། ཁྱེད་ཀྱིས་ངའི་ཕ་དཱ་བིད་ལ་ཐུགས་རྗེ་ཆེན་པོ་མཛད་དེ། བདག་དེའི་མལ་དུ་རྒྱལ་པོར་མཛད་བྱུང་། ༩ ད་ཀྱེ་ཡ་ཧོ་ཝཱ་དཀོན་མཆོག ཁྱེད་ཀྱིས་བདག་གི་ཕ་དཱ་བིད་ལ་ཞལ་གྱིས་བཞེས་པ་དེ་ལ་ཆ་འཇོག་ཅིག ཅི་ལ་ཞུ་ན། ཁྱེད་ཀྱིས་བདག་ནི་སའི་རྡུལ་ལྟར་མི་མང་བའི་མི་སྡེ་ཞིག་གི་རྒྱལ་པོར་མཛད་པའི་ཕྱིར་རོ། ༡༠ དེ་བས་ན། ད་བདག་མི་སྡེ་འདིའི་མདུན་དུ་ཕྱི་རོལ་དུ་འགྲོ་བ་དང་། ནང་དུ་འོང་བའི་ཕྱིར་དུ། ཤེས་རབ་དང་བློ་གྲོས་གནང་བར་མཛོད། གང་གི་ཕྱིར་ཞུ་ན། ཁྱེད་ཀྱི་མི་ཚོགས་འདི་ལྟ་བུ་ཆེན་པོའི་ཞལ་ཆེ་དྲང་པོར་སུས་གཅོད་པར་ནུས། ཞུས་པ་དང་། ༡༡ དཀོན་མཆོག་གིས་ཤ་ལོ་མོ་ལ། ཁྱོད་ཀྱི་སྙིང་དུ་དེ་བཞིན་ཡོད་དེ། ནོར་དང་། དབྱིགས་དང་། ཞེ་ས་དང་། རང་གི་དགྲའི་སྲོག་གཅོད་དུ་ཡང་མ་ཞུས། ཚེ་རིང་པོ་ཡང་མ་ཞུས། འོན་ཀྱང་ངས་ཁྱོད་རྒྱལ་པོར་བསྐོས་པའི་ངའི་མི་ཚོགས་ཀྱི་ཁྲིམས་དྲང་པོར་གཅོད་པའི་ཕྱིར། ཤེས་རབ་དང་བློ་གྲོས་ཀྱི་ཕྱིར་ཞུས་པས་ན། ༡༢ ངས་ཁྱོད་ལ་ཤེས་རབ་དང་བློ་གྲོས་གནང་བ་མ་ཟད་དེ། ངས་ཁྱོད་ལ་ནོར་རྫས་དང་། དབྱིགས་དང་། ཞེ་ས་ཡང་སྦྱིན་པར་བྱ། ཁྱོད་ཀྱི་སྔོན་དུའང་། རྒྱལ་པོ་གང་ལ་ཡང་དེ་འདྲ་མེད་པ་དང་། ཁྱོད་ཀྱི་འོག་ཏུའང་གང་ལ་ཡང་དེ་འདྲ་འབྱོར་བར་མི་འགྱུར་རོ། ཞེས་གསུངས་སོ། ༡༣ དེ་ནས་ཤ་ལོ་མོ་་གི་བེ་ཨོན་གྱི་མཐོ་གླིང་དང་ཚོགས་ཀྱི་གུར་མཆོག་གི་དྲུང་ནས་ཡེ་རུ་ཤ་ལེམ་དུ་གདན་འཁོར་ནས། ཨིས་ར་ཨེལ་ཡོངས་ལ་རྒྱལ་སྲིད་མཛད་དོ༎
༡༤ ཡང་ཤ་ལོ་མོས་ཤིང་རྟ་དང་རྟ་པ་རྣམས་བསྡུས་ནས། ཤིང་རྟ་ཆིག་སྟོང་བཞི་བརྒྱ་དང་། རྟ་པ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཡིན། དེ་རྣམས་ཤིང་རྟའི་གྲོང་ཁྱེར་དང་ཡེ་རུ་ཤ་ལེམ་དུ་རྒྱལ་པོའི་དྲུང་དུ་བཞག ༡༥ ཡང་རྒྱལ་པོ་དེས་ཡེ་རུ་ཤ་ལེམ་དུ་གསེར་དངུལ་ནི་རྡོ་བ་ལྟར་མོད་པོ་དང་། འགྱམ་ཤིང་ནི་རོང་ལྕང་ལྟར་མོད་པོར་བྱས་སོ། ༡༦ ཤ་ལོ་མོའི་ཕྱིར་མི་སེར་ཡུལ་ནས་རྟ་རྣམས་དྲངས་ཏེ། རྒྱལ་པོའི་ཚོང་པ་དག་གིས་རྟའི་ཁྱུ་ཁྱུ་ཉོས་པ་ཡིན། ༡༧ དེ་དག་ལ་དངུལ་གྱི་ཤེ་ཀེལ་དྲུག་བརྒྱ་ལ་ཤིང་རྟ་རེ་དང་། བརྒྱ་དང་ལྔ་བཅུ་ལ་རྟ་རེ་བབས་ནས། མི་སེར་ནས་ཡར་དྲངས་པ་ཡིན། དེ་བཞིན་དུ་དེ་དག་གིས་ཧད་པའི་རྒྱལ་པོ་དང་ཨ་རམ་པའི་རྒྱལ་པོ་རྣམས་ལ་ཡང་རྟ་ཙམ་དགོས་པ་དྲངས་པ་ཡིན་ནོ༎