དེ་ནས་ཤ་ལོ་མོས་ཡ་ཧོ་ཝཱའི་མཚན་གྱི་ཕྱིར་དུ་ཕོ་བྲང་ཞིག་དང་། རང་གི་ཆབ་སྲིད་ཀྱི་ཕྱིར་ཕོ་བྲང་ཞིག་བཞེང་བའི་འདུན་པ་སྐྱེད་ནས།  ཤ་ལོ་མོས་ཁུར་པ་བདུན་ཁྲི་དང་། རི་ལ་ཤིང་གཅོད་མཁན་བརྒྱད་ཁྲི་དང་། དེ་དག་གི་ལས་དཔོན་དུ་སུམ་སྟོང་དྲུག་བརྒྱ་བརྩིས་ནས་བསྐོས་སོ།  ཡང་ཤ་ལོ་མོས་ཚོར་གྱི་རྒྱལ་པོ་ཧུ་རམ་ལ། ཇི་ལྟར་ཁྱེད་ཀྱིས་ངའི་ཕ་དཱ་བིད་ལ་ཕོ་བྲང་ཞིག་རྩིག་རྒྱུར་འགྱམ་ཤིང་བསྐུར་བ་ལྟར་དུ། ང་ལའང་སྐུར་ཅིག  གཟིགས་ཤིག ངས་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་སྔོ་བའི་ཕྱིར་ཁོང་གི་མཚན་གྱི་ཆེད་དུ་ཕོ་བྲང་ཞིག་བཞེང་བར་བྱེད་དེ། དེ་ནི་ཁོང་གི་དྲུང་དུ་དྲི་བསུང་གི་སྤོས་བདུག་པ་དང་། རྟག་ཏུ་གཟིགས་པའི་བག་ལེབ་འབུལ་བ་དང་། ཤབ་བཱད་དང་། ཟླ་ཚེས་དང་། ཡ་ཧོ་ཝཱ་བདག་གི་དཀོན་མཆོག་གི་དུས་བཟང་རྣམས་སུ་ནང་རེ་དགོངས་རེ་ལ་སྦྱིན་སྲེག་གི་མཆོད་པ་འབུལ་དུ་ཡིན་ཏེ། དེ་ནི་ཨིས་ར་ཨེལ་ལ་དུས་རྒྱུན་གྱི་སྲུང་བྱ་ལགས།  བདག་ཅག་གི་དཀོན་མཆོག་ནི་ལྷ་ཐམས་ཅད་ལས་མཆོག་ལགས་པས། ངས་བཞེང་བའི་ཕོ་བྲང་འདི་ཡང་མཆོག་གོ།  འོན་ཀྱང་ནམ་མཁར་དང་ནམ་མཁའི་ནམ་མཁའ་རྣམས་ལ་ཁོང་ཤོང་དུ་མི་ནུས་པས། སུས་ཁོང་གི་ཕྱིར་ཕོ་བྲང་ཞིག་རྩིག་པར་ནུས། ཁོང་གི་དྲུང་དུ་སྤོས་བདུག་པ་འབའ་ཞིག་གི་ཕྱིར་ཡིན། དེ་མིན། ཁོང་ལ་ཕོ་བྲང་བཞེང་དུ་བདག་ཡིན་སུ་ཡིན།  དེ་བས་ན། ད་ངའི་དྲུང་དུ་གསེར། དངུལ། ར་གན། ལྕགས་དང་། རྒྱ་སྨུག་དང་། མཚལ་ཁ་དང་། གནམ་མདོག་གི་རས་ཆའི་ལས་ལ་མཁས་པའི་མི་ཞིག་ཐོང་ཞིག དེ་ནི་ངའི་ཕ་དཱ་བིད་ཀྱིས་བསྡུས་ནས་ང་མཉམ་ཡ་ཧུ་དཱ་དང་ཡེ་རུ་ཤ་ལེམ་དུ་ཡོད་པའི་མི་རྐོས་ལ་མཁས་པ་སྟངས་ཅན་རྣམས་དང་ལྷན་ཅིག་ཏུ་ལས་བྱེད་པའི་ཕྱིར་རོ།  ཡང་ལི་བ་ནོན་ལས་བདག་ལ་འགྱམ་ཤིང་དང་། ཐང་ཤིང་དང་། ཙན་དན་གྱི་གདུང་མ་སྐུར་བར་མཛོད། གང་ལ་ཞེ་ན། ཁྱེད་ཀྱི་བྲན་དག་ལི་བ་ནོན་གྱི་གདུང་མ་གཅོད་ཤེས་མཁན་ཡིན་པའི་ཆ་ང་ལ་ཡོད་ཡང་གཟིགས་ཤིག ངའི་བྲན་ཡང་ཁྱེད་ཀྱི་བྲན་དང་མཉམ་དུ་སྡོད་པར་བྱ།  ངས་མཁར་ལས་བྱེད་པའི་ཕོ་བྲང་འདི་ནི་ཁྱད་མཚར་ཆེ་ལ་རྒྱ་ཆེ་བ་ཞིག་ཏུ་འགྱུར་འོང་བས། ངའི་ཕྱིར་གདུང་མ་མང་དུ་ཤོམ་པར་གྱིས་ཤིག ༡༠ གཟིགས་ཤིག ངས་ཁྱེད་ཀྱི་བྲན་གདུང་མ་གཅོད་པའི་ཤིང་པ་རྣམས་ལ་གྲོ་ཁལ་ཉི་ཁྲི་དང་། ནས་ཁལ་ཉི་ཁྲི་དང་། རྒུན་ཆང་རྐྱལ་པ་ཉི་ཁྲི་དང་། སྣུམ་རྐྱལ་ཉི་ཁྲི་སྦྱིན་པར་བྱའོ། སྨྲས་ནས་སྤྲིངས་སོ༎
༡༡ དེ་ནས་ཚོར་གྱི་རྒྱལ་པོ་ཧུ་རམ་གྱིས་ཤ་ལོ་མོ་ལ་བསྐུར་བའི་ཡིག་ལན་དུ། ཡ་ཧོ་ཝཱས་ཉིད་ཀྱི་མི་སྡེ་ལ་བྱམས་པས། དེ་དག་གི་རྒྱལ་པོར་ཁྱེད་མཛད་དོ། ༡༢ ཡང་ཧུ་རམ་གྱིས། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གནམ་ས་མཛད་མཁན་ཁོང་ལ་བཀྲ་ཤིས་ཤོག ཁོང་གིས་རྒྱལ་པོ་དཱ་བིད་ལ་མཛངས་ཤིང་བློ་ལྡན་གྱི་སྲས་ཤིག་གནང་སྟེ། དེས་ཡ་ཧོ་ཝཱ་ལ་ཕོ་བྲང་དང་། རང་གི་རྒྱལ་སྲིད་ཀྱི་ཕྱིར་ཕོ་བྲང་ཞིག་བཞེང་བར་འགྱུར།
༡༣ ད་ལྟ་ངས་རང་གི་ཕ་ཧུ་རམ་གྱི་མི་རིག་རྩལ་དང་ལྡན་པའི་ལག་པ་མཁས་པ་ཞིག་དེར་རྫོང་སྟེ། ༡༤ དེ་ནི་དཱན་གྱི་བུ་མོ་རྣམས་ལས་བུད་མེད་གཅིག་གི་བུ་སྟེ། ཕ་ནི་ཚོར་པ་ཞིག་སྟེ། མི་དེ་ནི་གསེར་དངུལ་རག་ལྕགས་དང་། རྡོ་བ་དང་། ཤིང་དང་། རྒྱ་སྨུག་དང་། མཚལ་ཁ་དང་། གནམ་མདོག་དང་། རས་ཆ་དང་། རྐོས་ཀྱི་རིགས་སྣ་ཚོགས་ལ་མཁས་པ་སྟེ། དེ་ལ་བྱུས་ཅི་འདྲི་ནའང་ཐབས་ལ་མཁས་པ་ཡོད། ཁྱེད་ཀྱི་མི་ལག་ཤེས་པ་དང་། ངའི་ཇོ་བོ་ཁྱེད་ཀྱི་ཡབ་དཱ་བིད་ཀྱི་མི་ལག་མཁས་པ་དག་དང་མཉམ་དུ་དེས་ལས་ཚང་མ་བྱེད་པར་འགྱུར་རོ། ༡༥ ད་ངའི་ཇོ་བོ། ཁྱེད་ཀྱིས་གསུངས་པ་ལྟར། གྲོ་ནས་འབྲུ་མར་དང་རྒུན་ཆང་རྣམས་ཁྱེད་ཀྱི་བྲན་དག་གི་ཕྱིར་སྐུར་བར་མཛོད། ༡༦ ང་རྣམས་ཀྱིས་ཁྱེད་ལ་ཤིང་ཅི་ཙམ་དགོས། ལི་བ་ནོན་ནས་བཅད་དེ། རྒྱ་མཚོ་ལ་ཆུར་བཀལ་ཏེ། ཁྱེད་ཀྱི་དྲུང་དུ་ཡོ་ཕཱ་རུ་འདྲེན་པར་བྱ། དེ་ནས་ཁྱེད་ཀྱིས་ཡེ་རུ་ཤ་ལེམ་དུ་འདྲེན་པར་བྱའོ། སྨྲས་པ་དང་།
༡༧ ཤ་ལོ་མོས་ཡབ་དཱ་བིད་ཀྱི་མི་རྩིས་ཀྱི་ལུགས་སུ། ཨིས་ར་ཨེལ་ཡུལ་ཁམས་ལ་ཡོད་པའི་འཁྱམ་པོ་ཚང་མ་བརྩིས་ཏེ། ཆིག་འབུམ་ལྔ་ཁྲི་སུམ་སྟོང་དྲུག་བརྒྱ་ཐོན་བྱུང་། ༡༨ དེར་ཁོང་གིས་དེ་རྣམས་ལས་ཁྲི་བདུན་ནི་ཁལ་སྐྱ་བ་དང་། ཁྲི་བརྒྱད་ནི་རི་ལ་ཤིང་གཅོད་པ་དང་། སུམ་སྟོང་དྲུག་བརྒྱ་ནི་མི་རྣམས་ལ་ལས་སྐོ་གཏོང་བར་བཞག་གོ།