དེ་ནས་ཤ་ལོ་མོས་ཡེ་རུ་ཤ་ལེམ་གྱི་མོ་རི་ཡཱའི་རིའི་ཐོག་ཏུ། དེའི་ཡབ་དཱ་བིད་ལ་ཡ་ཧོ་ཝཱ་སྣང་བར་གྱུར་ནས། དཱ་བིད་ཀྱིས་ཡེ་བུས་པ་ཨོར་ནན་གྱི་གཡུལ་ཐང་གི་ཁར་བཤམས་པའི་གནས་སུ། ཡ་ཧོ་ཝཱའི་ཕོ་བྲང་དེ་བཞེང་བར་བརྩམས་ཏེ།  དེས་རྒྱལ་སྲིད་སྐྱོང་བའི་ལོ་བཞི་པའི་ཟླ་བ་གཉིས་པའི་ཚེས་གཉིས་པའི་ཞག་ལ། མཁར་ལས་བྱེད་དུ་ཚུགས་སོ།  འདི་ནི་ཤ་ལོ་མོ་ཡ་ཧོ་ཝཱའི་ཕོ་བྲང་གི་རྩིག་རྨང་བཏིང་བའི་མ་གདན་ཏེ། སྔར་གྱི་འཇལ་ཚད་བཞིན་དུ་རིང་ཁྱད་དུ་ཁྲུ་དྲུག་ཅུ་དང་། ཞེང་ཁྱད་དུ་ཁྲུ་ཉི་ཤུ།  ཡང་ཕོ་བྲང་གི་སྒོ་ཁང་གི་རིང་ཁྱད་ནི། ཕོ་བྲང་གི་ཞེང་ལྟར་ཁྲུ་ཉི་ཤུ་དང་། མཐོ་ཁྱད་དུ་ཁྲུ་བརྒྱ་དང་ཉི་ཤུའོ། ཁོང་གིས་དེའི་ནང་ལོགས་ནི་གསེར་བཙོ་མས་གཡོགས་སོ།  ཡང་ཁྱིམ་ཆེན་པོ་དེ་ལ་ཐང་ཤིང་གི་སྤང་ལེབ་ཀྱིས་བཀབ་སྟེ། གསེར་བཙོ་མས་གཡོགས་ནས། དེའི་ཁར་ཁ་ཟུར་ཤིང་དང་ཉག་ཐག་བཟོས་པ་ཡིན།  མཛེས་རྒྱན་གྱི་ཕྱིར་ཁྱིམ་དེ་རྡོ་བ་རིན་པོ་ཆེས་སྤྲས་ཏེ། དེའི་གསེར་ནི་པར་ཝ་ཨིམ་གྱི་གསེར་ཡོད་པ་ཡིན།  ཡང་ཕོ་བྲང་དང་། གདུང་མ་རྣམས་དང་། སྒོ་ཐེམ་དང་། རྩིག་པ་དང་། སྒོ་རྣམས་གསེར་གྱིས་བཏུམ་ནས། རྩིག་པ་རྣམས་ཀྱི་ཁར་བརྐོས་ནས། ཀེ་རུབ་བྱས།  དེ་ནས་ཁོང་གིས་རབ་ཏུ་དམ་པའི་གཞལ་ཡས་ཁང་དེ་བཞེངས་ཏེ། དེའི་རིང་ནི་ཕོ་བྲང་གི་ཞེང་ཁྱད་ལྟར་ཁྲུ་ཉི་ཤུ་དང་། ཞེང་ཡང་ཁྲུ་ཉི་ཤུའོ། ཡང་གསེར་བཙོ་མ་རྡོ་ཚད་དྲུག་བརྒྱས་དེ་གཡོགས་སོ།  གཟེར་རྣམས་ཀྱི་སྐར་ཁ་ནི་གསེར་གྱི་ཤེ་ཀེལ་ལྔ་བཅུ་སྟེ། སྟེང་ཐོག་གི་ནང་ཆུང་རྣམས་ཀྱང་གསེར་གྱིས་བཏུམ་མོ༎
༡༠ རབ་ཏུ་དམ་པའི་གཞལ་ཡས་ཁང་གི་ནང་ན་ཁོང་གིས་ཀེ་རུབ་གཉིས་བརྐོས་ནས་བཟོས་ཏེ། གསེར་གྱིས་གཡོགས་སོ། ༡༡ ཀེ་རུབ་གཉིས་པོའི་ཤོག་པའི་རིང་ཁྱད་དུ་ཁྲུ་ཉི་ཤུ་སྟེ། ཀེ་རུབ་རེའི་ཤོག་པ་ཁྲུ་ལྔ་ཡོད་པ་གཅིག་ནི་གཞལ་ཡས་ཁང་གི་རྩིག་པར་ཐུག་པ་ཡིན། གཞན་ཤོག་པ་ཁྲུ་ལྔ་ཡོད་པ་དེ་ཀེ་རུབ་གཞན་དེའི་ཤོག་པར་ཐུག་པ་ཡིན། ༡༢ ཀེ་རུབ་གཉིས་པའི་ཤོག་པ་ཁྲུ་ལྔ་ལྔ་ཡོད་པ་ཡང་གཞལ་ཡས་ཁང་གི་རྩིག་པར་ཐུག་སྟེ། ཁྲུ་ལྔ་ཡོད་པའི་ཤོག་པ་ཡང་གཅིག་དེ་ཀེ་རུབ་གཞན་དེའི་ཤོག་པ་ལ་ཐུག་སྟེ་ཡོད་པ་ཡིན། ༡༣ ཀེ་རུབ་དེ་གཉིས་ཀྱི་ཤོག་པ་རྣམས་ཁྲུ་ཉི་ཤུ་བརྐྱངས་ཏེ། རང་རང་གི་རྐང་པ་བཙུག་སྟེ། གཞལ་ཡས་ཁང་ལ་བལྟས་ནས་ཡོད་པ་ཡིན། ༡༤ ཡང་ཁོང་གིས་གནམ་མདོག་དང་རྒྱ་སྨུག་དང་། མཚལ་ཁ་དང་། རས་སྲབ་པོ་ལས་ཡོལ་བ་ཞིག་བྱས་ཏེ། དེའི་ཁར་ཀེ་རུབ་ཀྱི་གཟུགས་བརྙན་དང་འདྲ་བའི་རི་མོ་བྲིས་བཏོན་ནོ༎
༡༥ མཆོད་ཁང་གི་མདུན་དུ་ཁྲུ་སོ་ལྔ་པའི་ཀ་བ་གཉིས་གཉིས་བྱས་ཏེ། རེ་རེའི་ཁར་ཡོད་པའི་ཀ་གཞུའི་རིང་ཁྱད་དུ་ཁྲུ་ལྔ་ཡོད་པ་ཡིན། ༡༦ ཡང་ཁོང་གིས་ཉག་ཐག་བཟོས་ཏེ། ཀའི་མགོ་ལ་བཏགས་ནས། སེ་འབྲུ་བརྒྱ་ཕྲག་བཟོས་ཏེ། ཉག་ཐག་གི་ཁར་བསྒྲོན་ཏོ། ༡༧ ཡང་མཆོད་ཁང་གི་མདུན་དུ་ཀ་བ་གཉིས། གཅིག་གཡས་སུ། གཅིག་གཡོན་དུ་བསླངས་ཏེ། གཡས་པའི་མིང་ལ་ཡ་ཀིན་དང་། གཡོན་མའི་མིང་ལ་བོ་ཨས་བཏགས་སོ༎