༤
གཞན་ཡང་ཁོང་གིས་ར་གན་གྱི་མཆོད་ཁྲི་རིང་ཁྱད་ཁྲུ་ཉི་ཤུ་དང་། ཞེང་ཁྱད་ཁྲུ་ཉི་ཤུ་དང་། མཐོ་ཁྱད་ཁྲུ་བཅུ་ཡོད་པ་ཞིག་བཟོས། ༢ ཡང་བླུགས་མའི་རྒྱ་མཚོ་ཀྱིར་ཀྱིར། ཟུར་གཅིག་ནས་གཞན་ཟུར་གྱི་བར་ཞེང་ཁྲུ་བཅུ་ཡོད་པ། མཐོ་ཁྱད་ཁྲུ་ལྔ་དང་། འཁོར་དུ་ཐིག་སྐུད་ཁྲུ་སུམ་ཅུས་འཐེབས་པ་ཞིག་བཟོས། ༣ དེའི་འོག་ཏུ་ཀྱིར་འཁོར་ནས་གླང་གི་གཟུགས་བརྙན་ཁྲུ་བཅུ་ཡིས་འཐེབས་སོ། དེ་བླུགས་སུ་བཏང་དུས་སུ་གླང་རྣམས་གྲལ་གཉིས་སུ་བླུགས་པ་ཡིན། ༤ རྒྱ་མཚོ་དེ་གླང་ཏོ་བཅུ་གཉིས་ཀྱི་ཐོག་ཏུ་བཀལ་ཏེ། གསུམ་གྱི་གདོང་བྱང་དང་། གསུམ་གྱི་གདོང་ནུབ་དང་། གསུམ་གྱི་གདོང་ལྷོ་དང་། གསུམ་གྱི་གདོང་ཤར་དུ་ཡོད་དེ། དེ་དག་གི་ཁར་རྒྱ་མཚོ་བཀལ་ཏེ། དེ་དག་གི་སྨད་ཐམས་ཅད་ནང་ཁུག་ཏུ་ཡོད་པ་ཡིན། ༥ དེའི་སྲབ་ཐུག་སོར་བཞི་དང་། ཟུར་ནི་ཕོར་པའི་ཟུར་ལྟར་དང་། པད་འདབ་ལྟར་བཟོས་ཏེ། དེའི་ནང་དུ་ཆུ་བེན་སྟོང་གསུམ་ཆུད་པ་ཡིན། ༦ ཡང་གཞོང་པ་བཅུ་བཟོས་ཏེ། འཁྲུད་པ་ལ་གཡས་སུ་ལྔ་དང་། གཡོན་དུ་ལྔ་བཞག དེ་དག་གི་ནང་དུ་སྦྱིན་སྲེག་ལ་མཆོད་བྱ་རྣམས་བཀྲུས་ཏེ། རྒྱ་མཚོ་དེ་ནི་བླ་མ་རྣམས་འཁྲུད་པའི་ཕྱིར་ཡོད་པ་ཡིན།༧ ཡང་གསེར་གྱི་རྐྱོང་སྟེགས་བཅུ་བཀའ་བཀོད་པ་བཞིན་དུ་བཅོས་ཏེ། མཆོད་ཁང་ནང་ལྔ་གཡས་དང་། ལྔ་གཡོན་དུ་བཞག ༨ གསོལ་ལྕོག་བཅུ་ཡང་བཟོས་ནས། མཆོད་ཁང་གི་ནང་དུ་ལྔ་གཡས་སུ། ལྔ་གཡོན་དུ་བཞག་སྟེ། གསེར་ཕོར་བརྒྱ་ཡང་བཟོས་སོ། ༩ ཡང་ཁོང་གིས་བླ་མའི་སྡེ་ཡངས་དང་། སྡེ་ཡངས་ཆེན་པོ་དང་། སྡེ་ཡངས་ཀྱི་སྒོ་མོ་རྣམས་བསྒྲུབ་ནས། སྒོ་རྣམས་ར་གན་གྱིས་བཀབ་བོ། ༡༠ ཡང་དེས་རྒྱ་མཚོ་དེ་ཤར་ལ་ཕོ་བྲང་གི་གཡས་ཕྱོགས་སུ་ལྷོའི་ཐད་དུ་བཞག་གོ།
༡༡ ཡང་ཧུ་རམ་གྱིས་ཡོ་བྱད་དང་། ཁྱེམ་དང་། ཏིང་རྣམས་བཟོས་ཏེ། ཧུ་རམ་གྱིས་རྒྱལ་པོ་ཤ་ལོ་མོ་ལ་དཀོན་མཆོག་གི་ཕོ་བྲང་གི་ཕྱིར་བྱེད་དགོས་པའི་ལས་ཚང་མ་བསྒྲུབས་སོ། ༡༢ གང་རྣམས་ཞེ་ན། ཀ་བ་གཉིས་དང་། རིལ་བུ་རྣམས་དང་། ཀ་བ་གཉིས་ཀྱི་ལྟག་པའི་ཀ་གཞུ་གཉིས་དང་། ཀ་ལྟག་གི་ཀ་གཞུའི་རིལ་བུ་གཉིས་སྒྲིབ་པའི་དྲ་བ་དྲ་ཕྱེད་གཉིས་དང་། ༡༣ དྲ་བ་དྲ་ཕྱེད་གཉིས་ཀྱི་ཁར་ཡོད་པའི་སེ་འབྲུ་བཞི་བརྒྱ་བཟོས་ནས། ཀ་བ་རེའི་ཁར་ཡོད་པའི་ཀ་གཞུའི་རིལ་བུ་དེ་གཉིས་སྒྲིབ་པའི་དྲ་བ་དྲ་ཕྱེད་རེ་རེའི་ཁར་སེ་འབྲུའི་གྲལ་གཉིས་ཡོད་པ་ཡིན། ༡༤ དེ་རྣམས་མ་ཟད་པར། ཤིང་ཁྲི་དང་། ཤིང་ཁྲི་དེ་དག་གི་ཁར་གཞོང་པ་དང་། ༡༥ རྒྱ་མཚོ་དང་། དེའི་འོག་ཏུ་གླང་ཏོ་བཅུ་གཉིས་དང་། ༡༦ ཟངས་བུ་དང་། ཁྱེམ་དང་། ཤ་འཛིན་དང་། ཡོ་བྱད་ཐམས་ཅད་ནི་ཧུ་རམ་གྱི་ཕས་རྒྱལ་པོ་ཤ་ལོ་མོ་ལ་ཡ་ཧོ་ཝཱའི་ཕོ་བྲང་གི་ཕྱིར་དུ་ལི་ལས་བཟོས་ཏེ། ༡༧ རྒྱལ་པོས་དེ་རྣམས་ཡོར་དན་གྱི་ཐང་དུ་སུ་ཀོད་དང་ཙེ་རེ་དཱའི་བར་ལ་ཡོད་པའི་རྫ་སའི་ནང་དུ་བླུགས་སུ་བཏང་བ་ཡིན། ༡༨ དེ་ལྟར་ཤ་ལོ་མོས་ར་གན་གཞལ་དུ་མེད་པ་ལས་ཡོ་བྱད་དཔག་མེད་དེ་ཐམས་ཅད་བཟོས་ནས།
༡༩ ཤ་ལོ་མོས་དཀོན་མཆོག་གི་ཕོ་བྲང་གི་ཕྱིར་དུ་ཡོ་བྱད་དེ་ཐམས་ཅད་བཟོས་པ་ཡིན། གསེར་གྱི་མཆོད་ཁྲི་དང་། སྤྱན་གཟིགས་ཀྱི་བག་ལེབ་ཀྱི་གསོལ་ལྕོག་རྣམས་དང་། ༢༠ ཁྲིམས་བཞིན་དུ་ཞལ་གཟིགས་ཁང་གི་མདུན་དུ་སྦར་བའི་གསེར་བཙོ་མའི་རྐྱོང་སྟེགས་དང་རྐྱོང་ཙེ་རྣམས་དང་། ༢༡ དེའི་མེ་ཏོག་དང་། རྐྱོང་ཙེ་དང་། འཇབ་ཙེ་རྣམས་གསེར་བཙོ་མ་ལས་བྱས། ༢༢ གྲི་དང་། ཏིང་དང་། ཐུར་མ་དང་། བསངས་ཕོར་རྣམས་ཀྱང་གསེར་བཙོ་མ་ལས་བཅོས། སྒོ་ཁང་ངམ། རབ་ཏུ་དམ་པའི་གཞལ་ཡས་ཁང་གི་ཁུལ་མའི་སྒོ་རྣམས་དང་། ཕོ་བྲང་གི་མཆོད་ཁང་གི་སྒོ་རྣམས་གསེར་ལས་བཟོས་ཏེ་ཡོད་པ་ཡིན༎