༥
དེ་ལྟར་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་གི་མཁར་ལས་ཚང་མ་བསྒྲུབས་པ་དང་། ཡབ་དཱ་བིད་ཀྱིས་བསྔོས་པའི་གསེར་དངུལ་དང་མཆོད་རྫས་ཐམས་ཅད་ཤ་ལོ་མོས་ནང་དུ་དྲངས་ནས། དཀོན་མཆོག་གི་ཕོ་བྲང་གི་དཀོར་མཛོད་ཀྱི་ནང་དུ་བཞག་གོ།༢ དེ་ནས་ཤ་ལོ་མོས་དཱ་བིད་ཀྱི་གྲོང་ཁྱེར་ཙི་ཨོན་ནས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་གདན་འདྲེན་པའི་ཕྱིར་དུ། ཨིས་ར་ཨེལ་གྱི་རྒན་རབས་དང་། སྡེ་སོ་སོའི་སྡེ་དཔོན་དང་། ཨིས་ར་ཨེལ་གྱི་ཕ་སྤད་སོ་སོའི་འགོ་དཔོན་ཐམས་ཅད་ཡེ་རུ་ཤ་ལེམ་དུ་བཀུག་པ་དང་། ༣ ཟླ་བ་བདུན་པའི་དུས་ཆེན་ལ་ཨིས་ར་ཨེལ་མཐའ་དག་རྒྱལ་པོའི་དྲུང་དུ་ལྷགས་ཏེ། ༤ ཨིས་ར་ཨེལ་གྱི་རྒན་རབས་ཚང་མ་འོངས་སོ། དེ་ནས་ལེ་ཝི་པ་དག་གིས་སྒྲོམ་དེ་བཀུར་ཏེ། ༥ ཡ་ཧོ་ཝཱའི་སྒྲོམ་དང་། ཚོགས་ཀྱི་གུར་མཆོག་དང་། གུར་མཆོག་དེའི་ནང་དུ་ཡོད་པའི་མཆོད་རྫས་དམ་པ་ཐམས་ཅད་ཡར་གདན་ཞུས། ལེ་ཝི་པ་བླ་མ་རྣམས་ཀྱིས་དེ་དག་བསྐྱས་པ་ཡིན། ༦ རྒྱལ་པོ་ཤ་ལོ་མོ་དང་། ཁོང་གི་དྲུང་དུ་འཛོམས་པའི་ཨིས་ར་ཨེལ་གྱི་ཚོགས་ཚང་མ་སྒྲོམ་གྱི་མདུན་དུ་ལངས་ཏེ། ལུག་དང་གླང་མང་དྲགས་པའི་སྟབས་ཀྱིས་བརྗོད་ལས་འདས་ཤིང་གྲངས་མེད་པ་མཆོད་པར་ཕུལ་ཏོ། ༧ དེ་ནས་བླ་མ་དག་གིས་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་དེ་ནི་ཞལ་གཟིགས་ཁང་གི་གནས་རབ་ཏུ་དམ་པའི་ནང་དུ། ཀེ་རུབ་གཉིས་ཀྱི་ཤོག་པའི་འོག་ཏུ་དེ་རང་གི་གནས་མལ་དུ་བཞག་གོ། ༨ ཀེ་རུབ་དེ་གཉིས་ཀྱིས་རང་གི་འདབ་ཤོག་སྒྲོམ་གྱི་གནས་མལ་གྱི་ཐོག་ཏུ་བརྐྱངས་ནས། སྒྲོམ་དང་དེའི་གདང་བུ་རྣམས་ཀེ་རུབ་ཀྱིས་སྟེང་ནས་གཡོགས། ༩ གདང་བུ་དེ་དག་རིང་བས། དེ་དག་གི་སྣེ་མོ་རྣམས་ཞལ་གཟིགས་ཁང་གི་མདུན་ནས་མཐོང་གིས། ཕྱི་རོལ་ནས་མ་མཐོང་བ་ཡིན། དེ་ལྟར་དེ་རིང་གི་བར་དུའང་ལུས། ༡༠ ཨིས་ར་ཨེལ་གྱི་བུ་བརྒྱུད་མི་སེར་ཡུལ་ནས་ཐོན་ཏེ། ཡ་ཧོ་ཝཱས་དེ་རྣམས་དང་ཞལ་ཆད་མཛད་དུས་སུ། མོ་ཤེས་ཧོ་རེབ་ཏུ་དེའི་ནང་དུ་བཅུག་པའི་རྡོ་ལེབ་གཉིས་མ་གཏོགས་པར། གཞན་ཅིའང་སྒྲོམ་དེའི་ནང་ན་མེད་པ་ཡིན།
༡༡ དེ་ནས་བླ་མ་རྣམས་དམ་པའི་གནས་ནས་ཐོན་ནོ། ཅིའི་ཕྱིར་ཞེ་ན། བླ་མའི་ལས་ཀྱི་རེས་མ་བསྲུང་ཀྱང་། དེར་ཡོད་པའི་བླ་མ་ཐམས་ཅད་ཀྱིས་གཙང་སྦྲ་བྱས་ནས། ནང་དུ་སོང་བ་ཡིན། ༡༢ ཡང་མགུར་དབྱངས་འབུལ་བའི་ལེ་ཝི་པ། ཨ་སབ་དང་། ཧེ་མཱན་དང་། ཡེ་དུ་ཐུན་གསུམ་རང་གི་བུ་དང་། སྤུན་རྣམས་དང་བཅས་སུ། རས་སྲབ་པོ་དཀར་པོ་གཡོགས་ཏེ། སྦུག་ཆོལ་དང་། སྒྲ་སྙན་དང་། ཀོ་ཕོངས་ཐོགས་ནས། མཆོད་ཁྲིའི་ཤར་གྱི་གྲུ་ལ་ལངས་ཏེ། དེ་དག་དང་མཉམ་དུ་རྒྱ་དུང་འབུད་པའི་བླ་མ་བརྒྱ་དང་ཉི་ཤུ་ཡང་ཡོད་པ་ཡིན། ༡༣ འདི་ལྟ་སྟེ། ཡ་ཧོ་ཝཱ་ལ་སྟོད་དབྱངས་དང་གཏང་རག་འབུལ་བའི་སྒྲ་གཅིག་འབའ་ཞིག་ཐོས་ནས། དུང་པ་དང་མགུར་མ་ལེན་མཁན་རྣམས་སྐད་གཅིག་གཅིག་ལྟར་གྱུར་ཏེ། དེ་དག་གིས་རྒྱ་དུང་དང་། སྦུག་ཆོལ་དང་། རོལ་ཆས་སྣ་ཚོགས་ཀྱི་སྐད་ཆེན་པོས་ཡ་ཧོ་ཝཱ་ལ་སྟོད་བསྔགས་ཤིང་། ཁོང་བཟང་པོ་ལགས་པས། ཁོང་གི་ཐུགས་རྗེ་གཏན་དུ་གནས་སོ། ཞེས་སྨྲས་པར་ཙམ་གྱིས། ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དེ། སྤྲིན་ཕུང་ཞིག་གིས་ཁེངས་པར་གྱུར་པས། ༡༤ ཡ་ཧོ་ཝཱའི་གཟི་བརྗིད་ཀྱིས་དཀོན་མཆོག་གི་ཕོ་བྲང་དེ་གང་བས། བླ་མ་རྣམས་སྤྲིན་དེའི་རྐྱེན་གྱིས་རིམ་གྲོ་བྱེད་དུ་ལྡང་སྟེ་སྡོད་པར་མ་སྤོབས་སོ༎