དེ་ནས་ཤ་ལོ་མོས་གསུངས་པ། ཡ་ཧོ་ཝཱས་ནི། ང་སྤྲིན་ཐིབས་པའི་ནང་དུ་གནས་པར་དགའ། ཞེས་གསུངས་པས།  བདག་གིས་ཁྱེད་བཞུགས་པའི་ཕོ་བྲང་ཞིག་གམ། ཁྱེད་དུས་རྒྱུན་དུ་གནས་པའི་བཞུགས་གནས་ཤིག་བཞེངས་པ་ཡིན་ནོ། ཞུས་ནས།  རྒྱལ་པོས་ཞལ་བསྒྱུར་ཏེ། ཨིས་ར་ཨེལ་གྱི་ཚོགས་ཐམས་ཅད་ལ་བྱིན་རླབས་གནང་། ཨིས་ར་ཨེལ་གྱི་ཚོགས་ཚང་མ་འགྲེང་ཞིང་བསྡད་དོ།  ཁོང་གིས་གསུངས་པ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལ་བཀྲ་ཤིས་ཤོག ཁོང་ཉིད་ཀྱི་ཞལ་གྱིས་ངའི་ཕ་དཱ་བིད་ལ་གསུངས་པ་དེ། ཉིད་ཀྱི་ཕྱག་གིས་དེ་བསྒྲུབས་ནས། འདི་སྐད་དུ།  ངས་ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་་མི་སེར་ཡུལ་གྱི་ནང་ནས་བཏོན་པའི་ཉིན་མོ་ནས་ཚུན་ཆད་དུ། ངའི་མཚན་གྱིས་བརྗོད་པའི་ཕོ་བྲང་ཞིག་རྩིག་པ་ལ། ཨིས་ར་ཨེལ་གྱི་སྡེ་ཀུན་གྱི་གྲོང་ཁྱེར་གང་ཡང་མ་འདམས། ཡང་ངའི་མི་སྡེ་ཨིས་ར་ཨེལ་གྱི་རྗེ་དཔོན་བྱེད་དུ་སྐྱེ་བོ་གང་ཡང་མ་འདམས་ཀྱིས།  ངས་ཉིད་ཀྱི་མཚན་གནས་པའི་ཕྱིར་ཡེ་རུ་ཤ་ལེམ་དང་། མི་ཚོགས་ཨིས་ར་ཨེལ་གྱི་རྗེ་དཔོན་དུ་དཱ་བིད་འདམས་པ་ཡིན་གསུངས་པས།
 ངའི་ཕ་དཱ་བིད་ཀྱི་སྙིང་དུ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཚན་གྱི་དོན་དུ་ཕོ་བྲང་ཞིག་བཞེང་བའི་འདོད་པ་ཡོད་མོད།  ཡ་ཧོ་ཝཱས་ངའི་ཕ་དཱ་བིད་ལ། ཁྱོད་ཀྱིས་ངའི་མཚན་གྱི་ཕྱིར་ཕོ་བྲང་ཞིག་བཞེང་བའི་བསམ་པ་ཁྱོད་ཀྱི་སྙིང་ལ་ཡོད་དེ། ཁྱོད་ཀྱི་སྙིང་ལ་ཡོད་པ་དེ་ལེགས་སོ།  འོན་ཀྱང་ཁྱོད་ཀྱིས་ཕོ་བྲང་འདི་རྩིག་པར་མི་བྱའི། ཁྱོད་ཀྱི་ལུས་ལས་འབྱུང་རྒྱུའི་བུས་ངའི་མཚན་གྱི་ཕྱིར་ཕོ་བྲང་ཞིག་བཞེང་བར་འགྱུར་རོ། གསུངས་པས།
༡༠ ད་ཡ་ཧོ་ཝཱས་གསུངས་པའི་གསུང་དེ་སྒྲུབ་པར་མཛད་དེ། ང་ནི་རང་གི་ཕ་དཱ་བིད་ཀྱི་ཚབ་ཏུ་ལངས་ནས། ཡ་ཧོ་ཝཱས་ཞལ་གྱིས་བཞེས་པ་ལྟར་ཨིས་ར་ཨེལ་གྱི་རྒྱལ་ཁྲིར་བསྡད་དེ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་མཚན་གྱི་ཕྱིར་ཕོ་བྲང་འདི་བཞེངས་པ་ཡིན། ༡༡ ཡང་ཁོང་གིས་ཨིས་ར་ཨེལ་གྱི་བུ་བརྒྱུད་དང་མཛད་པའི་ཞལ་ཆད་ཀྱི་སྒྲོམ་དེ་ངས་འདིའི་ནང་དུ་བཞག་པ་ཡིན། ཞེས་སྨྲས་སོ༎
༡༢ དེ་ནས་ཤ་ལོ་མོ་་ཨིས་ར་ཨེལ་གྱི་ཚོགས་ཐམས་ཅད་ཀྱི་དངོས་སུ་ཡ་ཧོ་ཝཱའི་མཆོད་ཁྲིའི་དྲུང་དུ་ལངས་ནས། ལག་པ་ནམ་མཁའི་ཕྱོགས་སུ་བརྐྱངས་སོ། ༡༣ གང་ལྟར་ཞེ་ན། ཤ་ལོ་མོས་ར་གན་གྱི་སྟེགས་རིང་ཁྱད་ཁྲུ་ལྔ་དང་། ཞེང་དུ་ཁྲུ་ལྔ་དང་། མཐོ་དམན་ཁྲུ་གསུམ་པ་ཞིག་བྱས་ཏེ། སྡེ་ཡངས་ཀྱི་དཀྱིལ་དུ་བཞག་ནས། དེའི་ཁར་ལངས་ནས། ཨིས་ར་ཨེལ་གྱི་ཚོགས་ཡོངས་ཀྱི་མདུན་དུ་པུས་མོ་བཙུག་ནས། ནམ་མཁའི་ཕྱོགས་སུ་ལག་པ་བརྐྱངས་ཏེ་འདི་ན་རེ། ༡༤ ཀྱེ་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་ལགས། སྟེང་གི་ནམ་མཁའམ། འོག་གི་སར་ཁྱེད་ལྟ་བུའི་དཀོན་མཆོག་གང་ཡང་མེད། སྙིང་ཚང་མ་ལས་ཁྱེད་དྲུང་དུ་འགྲུལ་བའི་བྲན་དག་ལ་ཞལ་ཆད་སྲུང་ཞིང་། ཐུགས་རྗེས་གཟིགས། ༡༥ ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་ངའི་ཕ་དཱ་བིད་ལ་ཞལ་གྱིས་བཞེས་པ་དེ་སྲུང་ཞིང་། ཞལ་ནས་གསུངས་ནས། ཁྱེད་ཀྱི་ཕྱག་གིས་དེ་རིང་གི་ཉིན་མོར་ཡོད་པ་ལྟར་བསྒྲུབས་པ་ཡིན། ༡༦ དེ་བས་ན་ད་ཀྱེ་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་ངའི་ཕ་དཱ་བིད་ལ་ཞལ་ཆད་མཛད་དེ། ཇི་སྟེ་ཁྱོད་ཀྱི་བུ་རྣམས་ངའི་དྲུང་དུ་འགྲུལ་ཏེ། རང་གི་ལམ་ལ་ཟོན་བྱེད་ཅིང་ངའི་བཀའ་རྒྱའི་ནང་དུ་ཁྱོད་ལྟར་འགྲུལ་ན། ཨིས་ར་ཨེལ་གྱི་རྒྱལ་ཁྲིར་སྡོད་པ་ལ། ངའི་དྲུང་དུ་མི་དཀོན་འགྲོ་བར་མི་འགྱུར་རོ། གསུངས་པ་དེ་ནི་སྲུང་བར་མཛོད་ཅིག ༡༧ ད་ཀྱེ་ཡ་ཧོ་ཝཱ། ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་བྲན་པོ་དཱ་བིད་ལ་གསུངས་པ་དེ་ལ་ཆ་འཇོག་ཅིག
༡༨ འོན་དཀོན་མཆོག་མི་མཉམ་ས་གཞིར་ངོ་ཐོག་བཞུགས་པར་འགྱུར་རམ། ཀྱེ་ནམ་མཁའ་དང་ནམ་མཁའི་ནམ་མཁའ་རྣམས་སུ་ཁྱེད་མི་ཤོང་བས། བདག་གིས་བརྩིགས་པའི་ཕོ་བྲང་ཆུང་བ་འདིའི་ནང་དུ་ཇི་ལྟར་ཤོང་བར་ནུས། ༡༩ ད་དུང་ཁྱེད་ཀྱི་བྲན་པོའི་སྨོན་ལམ་དང་སློང་བ་ལ་གསན་འཚལ། ཀྱེ་ཡ་ཧོ་ཝཱ་བདག་གི་དཀོན་མཆོག ཁྱེད་ཀྱི་ཞལ་སྔར་ཞུ་པའི་བྲན་པོའི་འོ་དོད་དང་གསོལ་བ་ལ་གསན་པར་མཛོད། ༢༠ ཁྱེད་ཀྱིས། ངའི་མཚན་འདིའི་ནང་དུ་གཞག་གོ། གསུངས་པས། ཉིན་མཚན་མེད་པར་ཕོ་བྲང་འདི་ལ་སྤྱན་ཕྱེས་ནས་གཟིགས་ཤིང་། ཁྱེད་ཀྱི་བྲན་གྱིས་གནས་འདིར་འདེབས་པའི་གསོལ་བ་ལ་གསན་པར་མཛོད་ཅིག ༢༡ ཁྱེད་ཀྱི་བྲན་དང་ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་གྱིས་གནས་འདིར་ལྟས་ཤིང་འདེབས་པའི་སྨོན་ལམ་རྣམས་ལ་གསན་པར་མཛོད། ཁྱེད་ཀྱི་བཞུགས་གནས་ནམ་མཁའ་ནས་གསན་འཚལ། ཡང་གསན་པར་ཙམ་གྱིས་སྡིག་པ་སེལ་བར་ཡང་མཛོད།
༢༢ གལ་ཏེ་མི་སུས་རང་གི་ཁྱིམ་མཚེས་པ་དང་བར་ལ་སྡིག་པའི་ལས་བྱས་ནས། དེས་མནའ་འཁུར་དུ་མནའ་བཀལ་ཏེ། དེས་ཕོ་བྲང་འདིར་ཁྱེད་ཀྱི་མཆོད་ཁྲིའི་དྲུང་དུ་འོང་ཞིང་མནའ་སྐྱེལ་ན། ༢༣ ནམ་མཁའ་ནས་གསན་ཏེ། ཁྱེད་ཀྱི་བྲན་པོ་དེ་དག་གི་གཤགས་གཅོད་པར་མཛོད། སྡིག་སྤྱོད་དེ་ལ་ཆད་པས་གཅོད་ཅིང་། དེ་རང་གི་མགོར་དེའི་ལས་འབྲས་འབེབས་པར་མཛོད། ཡང་དྲང་པོ་ལ་དེའི་དྲང་པོའི་སྤྱོད་པ་དང་བསྟུན་ཏེ་རྔན་པ་གནང་ཞིང་། ཁོ་དྲང་པོ་རྩི་བར་མཛོད་ཅིག
༢༤ ཡང་ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་གྱིས་ཁྱེད་ཀྱི་དྲུང་དུ་སྡིག་པ་བྱས་པའི་རྐྱེན་གྱིས་དགྲའི་མདུན་དུ་ཕམ་དུས་སུ། དེ་དག་ཁྱེད་ཀྱི་ཕྱོགས་སུ་སེམས་བསྒྱུར་ཏེ། ཁྱེད་ཀྱི་མཚན་ཁས་ལེན་ཏེ། ཕོ་བྲང་འདིར་ཁྱེད་ཀྱི་དྲུང་དུ་སྨོན་ལམ་འདེབས་ཤིང་འོ་དོད་འདོན་ན། ༢༥ ནམ་མཁའ་ལས་གསན་པར་མཛོད། ཉིད་ཀྱི་མི་སྡེ་ཨིས་ར་ཨེལ་གྱི་སྡིག་པ་སེལ་ནས། དེ་དག་དང་དེ་དག་གི་ཕ་མེས་ལ་གནང་བའི་ཡུལ་དུ་ཕྱིར་ལོག་འཁྱེར་བར་མཛོད་ཅིག
༢༦ ཡང་དེ་དག་གིས་ཁྱེད་ལ་སྡིག་པ་བྱས་པའི་རྐྱེན་གྱིས་ནམ་མཁའ་འགགས་ཤིང་ཆར་པ་མི་འབབ་པའི་ཚེ་ན། དེ་དག་གིས་གནས་འདིར་བལྟས་ཏེ་གསོལ་བ་འདེབས་ཤིང་། ཁྱེད་ཀྱི་མཚན་ཁས་ལེན་ཏེ། དེ་དག་ལ་ཁྱེད་ཀྱིས་སྡུག་བསྔལ་གནང་དུས་སུ། རང་གི་སྡིག་པ་སྤོང་ན། ༢༧ ནམ་མཁའ་ནས་གསན་ཏེ། ཁྱེད་ཀྱིས་དེ་དག་ལ་འགྲུལ་དགོས་པའི་ལམ་བཟང་པོ་དེ་སྟོན་པའི་ཚེ་ན། ཁྱེད་ཀྱི་བྲན་དང་ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་གྱི་སྡིག་པ་སེལ་བར་མཛོད། ཡང་ཉིད་ཀྱི་མི་སྡེ་ལ་ས་སྐལ་དུ་བྱིན་པའི་ཡུལ་དེ་ལ་ཆར་པ་འབེབས་པར་མཛོད་ཅིག
༢༨ ཡང་ཇི་སྟེ་ཡུལ་ལ་མུ་གེའམ། རིམས་ནད་དམ། ལྷག་པའམ། བཙའམ། ཆ་ག་འབུའམ། འབུའམ། དགྲས་ཡུལ་ཁམས་ཀྱི་གྲོང་ཁྱེར་སྐོར་བའམ། གང་རུང་གི་སྡུག་བསྔལ་ལམ། ནད་ཅི་ཞིག་འབྱུང་དུས་སུ། ༢༩ མི་གང་རུང་ངམ། ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་ཚང་མས་རང་གི་དཀའ་སྡུག་དང་མི་བདེ་བ་ངོ་ཤེས་ནས། གསོལ་བ་འདེབས་ཤིང་བཅོལ་ཏེ། ཕོ་བྲང་འདི་རུ་ལག་པར་རྐྱོང་ན། ༣༠ ཉིད་ཀྱི་བཞུགས་གནས་ནམ་མཁའ་ནས་གསན་ཏེ་སེལ་བར་མཛོད། ཁྱེད་གཅིག་གིས་མིའི་བུ་ཐམས་ཅད་ཀྱི་སྙིང་མཁྱེན་པས། མི་རེའི་སྙིང་མཁྱེན་པ་ཁྱེད་ཀྱིས་དེའི་ལམ་ཀུན་ལ་འཁོ་བའི་ལན་གནང་བར་མཛོད། ༣༡ དེའི་ལུགས་སུ་ཁྱེད་ཀྱིས་བདག་རྣམས་ཀྱི་ཕ་མེས་ལ་གནང་བའི་ཡུལ་ལ་དེ་དག་ཚེ་ཐོག་ཐག་གནས་ཤིང་། ཁྱེད་ལ་བག་བྱེད་པར་འགྱུར་རོ༎
༣༢ ཡང་རྒྱལ་ཁམས་པ་ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་ལ་མི་འཐེ་ཡང་། ཁྱེད་ཀྱི་མཚན་ཆེན་པོ་དང་། ཕྱག་མཐུ་ལྡན་དང་། བརྐྱངས་པའི་ཕྱག་གིས་རྐྱེན་ཏེ། ཡུལ་རྒྱང་རིང་པོ་ནས་འོང་ཞིང་། ཕོ་བྲང་འདིའི་ནང་དུ་སྨོན་ལམ་འདེབས་ན། ༣༣ ཁྱེད་ཀྱི་བཞུགས་གནས་ནམ་མཁའ་ནས་གསན་ཏེ། རྒྱལ་ཁམས་པ་དེས་ཁྱེད་ལས་ཅི་ཞུས་པ་ཐམས་ཅད་སྒྲུབ་པར་མཛོད་དང་། དེ་ནས་སའི་མི་སྡེ་ཡོད་དོ་ཅོག་གིས་ཁྱེད་ཀྱི་མཚན་རྟོགས་ཤིང་། ཁྱེད་ཀྱི་མི་སྡེ་ཨིས་ར་ཨེལ་ལྟར་དུ་ཁྱེད་ལ་བག་བྱེད་དེ། ངས་བཞེངས་པའི་ཕོ་བྲང་འདི་ལ་ཁྱེད་ཀྱི་མཚན་གྱིས་བརྗོད་པར་གོ་བར་འགྱུར་རོ༎
༣༤ ཡང་གལ་ཏེ་ཁྱེད་ཀྱིས་ཉིད་ཀྱི་མི་སྡེ་ལམ་གང་དུའང་མངགས་པའི་ཐབས་ཀྱིས་དགྲ་བོར་དམག་འགྱེད་དུ་འཐོན་ཏེ། ཁྱེད་ཀྱིས་འདམས་པའི་གྲོང་ཁྱེར་འདིའི་ཕྱོགས་སུ། ངས་ཁྱེད་ཀྱི་མཚན་གྱི་ཕྱིར་བཞེངས་པའི་ཕོ་བྲང་འདིའི་ཕྱོགས་སུ་བལྟས་ཏེ། ཁྱེད་ལ་གསོལ་བ་འདེབས་ན། ༣༥ ནམ་མཁའ་ནས་དེ་དག་གི་གསོལ་བ་དང་འོ་དོད་གསན་ཏེ། གཤགས་ཕྱེས་ཤིག
༣༦ སྡིག་པ་མི་བྱེད་པའི་མི་གང་ཡང་མེད་པས། དེ་དག་གིས་ཁྱེད་ཀྱི་དྲུང་དུ་སྡིག་པ་བྱས་ནས། ཁྱེད་ཐུགས་ཁྲོས་ཏེ། དགྲའི་ལག་ཏུ་བཏད་དེ། དགྲ་བོས་དེ་དག་ཡུལ་ཉེ་རིང་གང་དུའང་གཉའ་ཡལ་བྱས་ཏེ་ཁྱེར་ནས། ༣༧ དེ་དག་གིས་གཉའ་ཡལ་དུ་ཁྱེར་བའི་ཡུལ་ལ་བསམ་པ་འཁོར་སྟེ། སེམས་བསྒྱུར་ཏེ། གཉའ་ཡལ་དུ་ཁྱེར་མཁན་གྱི་ཡུལ་ནས་ཁྱེད་ལ། བདག་ཅག་གིས་སྡིག་པ་བྱས། བདག་འཕྱུགས། ལས་ངན་པ་བྱས་པ་ཡིན། ཞེས་ཞུ་ཤིང་གསོལ་བ་འདེབས་ན། ༣༨ ཡང་དེ་དག་བཟུང་ཁྱེར་བའི་གཉའ་ཡལ་དུ་ཡོད་པའི་ཡུལ་དུ་སྙིང་ཚང་མ་དང་སེམས་ཚང་མ་ཁྱེད་ཀྱི་ཕྱོགས་སུ་འབུངས་ཤིང་། ཁྱེད་ཀྱིས་དེ་དག་གི་ཕ་མེས་ལ་གནང་བའི་ཡུལ་དང་། ཁྱེད་ཀྱིས་འདམས་པའི་གྲོང་ཁྱེར་དང་། ངས་ཁྱེད་ཀྱི་མཚན་གྱི་ཕྱིར་བཞེངས་པའི་ཕོ་བྲང་འདིའི་ཕྱོགས་སུ་བལྟས་ནས་སྨོན་ལམ་འདེབས་ན། ༣༩ ཁྱེད་ཀྱི་བཞུགས་གནས་ནམ་མཁའ་ནས་དེ་དག་གི་གསོལ་བ་དང་བཅོལ་ཚིག་ལ་གསན་པར་མཛོད། དེ་དག་གི་གཤགས་ཕྱེས་ཤིག ཉིད་ཀྱི་མི་སྡེས་ཁྱེད་ཀྱི་དྲུང་དུ་བྱས་པའི་སྡིག་པ་རྣམས་བཤགས་པར་མཛོད།
༤༠ ད་བདག་གི་དཀོན་མཆོག ཕོ་བྲང་འདིའི་ནང་དུ་འདེབས་པའི་གསོལ་བ་ལ་སྤྱན་ཕྱེས་ཏེ། སྙན་གྱིས་གསན་དུ་གསོལ། ༤༡ ད་ཀྱེ་ཡ་ཧོ་ཝཱ་དཀོན་མཆོག བཞེངས་ལ། ཉིད་ཀྱི་མཐུ་སྟོབས་ཀྱི་སྒྲོམ་དང་བཅས་ཁྱེད། ཉིད་ཀྱི་བཞུགས་གནས་ལ་གཤེགས་སུ་གསོལ། ཀྱེ་ཡ་ཧོ་ཝཱ་དཀོན་མཆོག ཁྱེད་ཀྱི་བླ་མ་རྣམས་ཐར་བའི་གོས་གྱོན་ཞིང་། མི་དམ་པ་རྣམས་ཕྲིན་ལས་བཟང་པོ་ལ་ཡི་རངས་པར་ཤོག ༤༢ ཀྱེ་ཡ་ཧོ་ཝཱ་དཀོན་མཆོག ཁྱེད་ཀྱི་བྱུགས་མཁན་གྱི་གདོང་མ་སྒྱུར། ཉིད་ཀྱི་བྲན་པོ་དཱ་བིད་ལ་ཞལ་གྱིས་བཞེས་པའི་ཐུགས་རྗེ་རྣམས་དྲན་དུ་གསོལ། ཞེས་པའི་གསོལ་བ་བཏབ་བོ༎