ཤ་ལོ་མོས་གསོལ་བ་བཏབ་ཟིན་པ་དང་། ནམ་མཁའ་ནས་མེ་བབས་ནས། སྦྱིན་སྲེག་དང་མཆོད་པ་རྣམས་བསྲེགས་སོ། ཡང་ཡ་ཧོ་ཝཱའི་གཟི་བྱིན་གྱིས་ཕོ་བྲང་ཁེངས་སོ།  ཡ་ཧོ་ཝཱའི་གཟི་བྱིན་གྱིས་ཡ་ཧོ་ཝཱའི་ཕོ་བྲང་དེ་ཁེངས་པའི་སྟབས་ཀྱིས། བླ་མ་རྣམས་ཡ་ཧོ་ཝཱའི་ཕོ་བྲང་དུ་འཇུག་པར་མ་ནུས་སོ།  ཡང་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་མེ་དང་ཡ་ཧོ་ཝཱའི་གཟི་བྱིན་ཕོ་བྲང་ལ་འབབ་པར་མཐོང་བ་ཙམ་གྱིས། སར་ཞལ་ཁ་བུབ་ཏུ་ལོག་སྟེ། ཕྱག་བཙལ་ཏེ་ཡ་ཧོ་ཝཱ་ལ་སྟོད་བསྔགས་ཤིང་། ཡ་ཧོ་ཝཱ་བཟང་སྟེ། ཁོང་གི་ཐུགས་རྗེ་རྒྱུན་དུ་གནས་སོ། ཞུས་ནས།
 རྒྱལ་པོ་དང་མི་ཚོགས་ཚང་མས་ཡ་ཧོ་ཝཱའི་དྲུང་དུ་མཆོད་པ་ཕུལ་ཏེ།  རྒྱལ་པོ་ཤ་ལོ་མོས་གླང་སྟོང་ཕྲག་ཉེར་གཉིས་དང་། ལུག་ཆིག་འབུམ་ཉི་ཁྲི་མཆོད་པར་ཕུལ་ཏེ། རྒྱལ་པོ་དང་མི་སྡེ་ཚང་མས་དཀོན་མཆོག་གི་ཕོ་བྲང་དེ་ལ་རབ་གནས་བྱས་སོ།  ཡང་བླ་མ་རྣམས་རེ་རང་གི་ལས་ཚན་ལ་བསྡད་དེ། ལེ་ཝི་པ་རྣམས་ཀྱིས་ཡ་ཧོ་ཝཱའི་རོལ་ཆས། དཱ་བིད་ཀྱིས་ཡ་ཧོ་ཝཱ་ལ་སྟོད་དབྱངས་ལེན་དུ་བཟོས་པ་དེ་རྣམས་ཐོགས་ཏེ། ཁོང་གི་ཐུགས་རྗེ་རྒྱུན་དུ་གནས། ཞེས་པའི་གསུང་མགུར་བཞིན་དུ་སྟོད་དབྱངས་ཕུལ་ཏོ། དེ་ནས་བླ་མ་རྣམས་ཀྱིས་དེ་དག་གི་མདུན་དུ་དུང་ཕུས་པ་དང་། ཨིས་ར་ཨེལ་ཚང་མ་ལངས་ནས་བསྡད།
 ཡང་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་གི་མདུན་དུ་ཡོད་པའི་སྡེ་ཡངས་ཀྱི་དབུས་དེ་ཡང་དམ་པར་མཛད་དེ། སྦྱིན་སྲེག་དང་ཞི་བདེའི་མཆོད་པ་རྣམས་ཀྱི་ཚིལ་དེར་ཕུལ་ཏོ། དེ་ཅིའི་ཕྱིར་ཞེ་ན། ཤ་ལོ་མོས་བཟོས་པའི་ར་གན་གྱི་མཆོད་ཁྲིའི་ཐོག་ཏུ་སྦྱིན་སྲེག་དང་ཞལ་ཟས་ཀྱི་མཆོད་པ་དང་ཚིལ་རྣམས་མ་ཤོང་བས་སོ༎
 དེའི་ཚེ་ཤ་ལོ་མོ་དང་མཉམ་དུ་ཧ་མད་ནས་མི་སེར་གྱི་གཙང་པོ་ཐུག་གི་ཨིས་ར་ཨེལ་གྱི་ཚོགས་རབ་ཏུ་ཆེན་པོ་ཞིག་གིས་ཉིན་ཞག་བདུན་ཆོས་སྟོན་བྱས་སོ།  ཡང་ཞག་བརྒྱད་པར་དུས་ཆེན་གྱི་ཕྱིར་ཚོགས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གིས་མཆོད་ཁྲི་ལ་རབ་གནས་བྱེད་དུ་ཞག་བདུན་དང་། དུས་ཆེན་བྱེད་དུ་ཞག་བདུན་བསྲུངས་པ་ཡིན། ༡༠ ཡང་ཟླ་བ་བདུན་པའི་ཚེས་ཉེར་གསུམ་པར། ཡ་ཧོ་ཝཱས་དཱ་བིད་དང་། ཤ་ལོ་མོ་དང་། ཨིས་ར་ཨེལ་གྱི་ཆོས་ཚོགས་ཐམས་ཅད་ལ་མཛད་པའི་ཐུགས་རྗེའི་ཕྱིར་དགའ་ཞིང་སེམས་སྐྱིད་པོའི་ནང་། ཁོང་གིས་མི་རྣམས་རེ་རང་གི་གུར་དུ་འགྲོར་བཅུག་གོ།
༡༡ དེ་ལྟར་ཤ་ལོ་མོས་ཡ་ཧོ་ཝཱའི་ཕོ་བྲང་དང་། རྒྱལ་པོའི་ཁབ་དང་། ཡ་ཧོ་ཝཱའི་ཕོ་བྲང་གི་ནང་དང་། རང་གི་ཁབ་ཀྱི་ནང་དུ་བཟོ་བར་སྙིང་དུ་ཤར་མཁན་ཐམས་ཅད་ནི་ལེགས་པར་བསྒྲུབས་སོ། ༡༢ དེ་ནས་ཤ་ལོ་མོ་ལ་མཚན་མོར་ཡ་ཧོ་ཝཱ་སྣང་བར་གྱུར་ནས་དེ་ལ། ངས་ཁྱོད་ཀྱི་སྨོན་ལམ་གསན་ནས། གནས་འདི་མཆོད་པ་འབུལ་བྱའི་ཁྱིམ་གྱི་དོན་དུ་ཉིད་ཀྱི་ཕྱིར་དུ་འདམས་པ་ཡིན་པས། ༡༣ གལ་ཏེ་ངས་ཆར་པ་མི་འབབ་ཕྱིར་གནམ་འགེགས་ན། ངས་ཡུལ་ཁམས་ཟ་རུ་ཆ་ག་འབུ་ལ་བཀའ་བཀོད་ན། ཡང་ན་ངས་ཉིད་ཀྱི་མི་སྡེའི་ནང་དུ་རིམས་ནད་གཏོང་ན། ༡༤ གལ་ཏེ་ངའི་མཚན་གྱིས་འབོད་པའི་མི་སྡེས་གུས་པའི་སེམས་སྐྱེད་དེ། གསོལ་བ་འདེབས་ཤིང་། ངའི་ཞལ་ངོ་འཚོལ་ཞིང་། སྡིག་པའི་ལམ་ཀུན་ལས་ལོག་འོང་ན། ངས་ནམ་མཁའ་ནས་གསན་ཏེ། དེ་དག་གི་སྡིག་པ་སེལ་ཞིང་། དེ་དག་གི་ཡུལ་གསོ་བར་བྱ། ༡༥ ད་ངས་གནས་འདིར་འདེབས་པའི་སྨོན་ལམ་ལ་སྤྱན་ཕྱེས་ཏེ། ངའི་སྙན་འདུད་པར་བྱའོ། ༡༦ ངའི་མཚན་གཏན་དུ་ལུས་པའི་ཕྱིར་དུ་ཁྱིམ་འདི་ངས་འདམས་ནས་དམ་པར་བྱས་པས་ན། ངའི་སྤྱན་དང་ཐུགས་དུས་རྟག་ཏུ་འདིར་མཆིས་པར་འགྱུར། ༡༧ ཡང་ཁྱོད་རང་ནི། ཇི་སྟེ་ཁྱོད་རང་གི་ཕ་དཱ་བིད་འགྲུལ་བ་ལྟར་དུ་འགྲུལ་ཞིང་། ངས་ཁྱོད་ལ་བསྒོ་བ་ཐམས་ཅད་དང་བསྟུན་ཏེ་སྤྱོད་དེ། ངའི་སྤྱད་མཚམས་དང་བཀའ་ཁྲིམས་ཚང་མ་བསྲུང་ན། ༡༨ ངས་ཁྱོད་ཀྱི་ཕ་དཱ་བིད་ལ་ཞལ་གྱིས་བཞེངས་ཏེ་དེ་ལ། ཨིས་ར་ཨེལ་ལ་མངའ་བདག་བྱེད་དུ་ཁྱོད་ལ་ནམ་ཡང་མི་དཀོན་འགྲོ་བར་མི་འགྱུར་རོ་གསུངས་པ་ལྟར། ངས་ཁྱོད་ཀྱི་རྒྱལ་སྲིད་ཀྱི་རྒྱལ་ཁྲི་ལ་སྲད་ཆགས་སུ་འཇུག་གོ།
༡༩ འོན་ཇི་སྟེ་ཁྱོད་ཡན་འགྲོ་ཞིང་། ངས་ཁྱོད་ཅག་གི་མདུན་དུ་བཞག་པའི་སྤྱད་མཚམས་དང་བཀའ་རྒྱ་རྣམས་མ་སྲུང་བར། ཕར་སོང་སྟེ། ལྷ་གཞན་དག་ལ་རྟེན་ཏེ། ཕྱག་འཚལ་ན། ༢༠ ངས་དེ་དག་ལ་བྱིན་པའི་ཡུལ་གྱི་ནང་ནས་དེ་དག་དྲངས་ནས་འདོན་ཞིང་། ངས་ཉིད་ཀྱི་མཚན་གྱི་ཕྱིར་དམ་པར་བྱས་པའི་ཕོ་བྲང་འདི་ཉིད་ཀྱི་སྤྱན་གྱི་དྲུང་ནས་དོར་ཏེ། ངས་མི་བརྒྱུད་ཐམས་ཅད་ཀྱི་ནང་དུ་ཨིས་ར་ཨེལ་ནི་གཏམ་དཔེ་དང་དཔེ་རུ་འབོར་བར་བྱའོ། ༢༡ ཡང་ཕོ་བྲང་མཐོན་པོ་འདིའི་མདུན་ལས་འདོང་ཚད་ཧ་ལས་པར་འགྱུར་ཏེ། ཡ་ཧོ་ཝཱས་ཡུལ་ཁམས་འདི་དང་ཕོ་བྲང་འདི་ལ་ཅིའི་ཕྱིར་འདི་ལྟར་མཛད་པ་ལགས། ཟེར་བར་འགྱུར། ༢༢ མི་རྣམས་ཀྱིས་ལན་དུ། ཁོ་རྣམས་ཀྱིས་ཡ་ཧོ་ཝཱ་རང་གི་ཕ་མེས་ཀྱི་དཀོན་མཆོག་དེ་སྤངས་སོ། ཁོང་གིས་དེ་རྣམས་མི་སེར་ཡུལ་ནས་བཏོན་པར་མཛད་ཀྱང་། ཁོ་རྣམས་ལྷ་གཞན་དག་ལ་བརྟེན་ཅིང་། དེ་དག་ལ་ཕྱག་བཙལ་ཏེ། རིམ་གྲོ་བྱས་པས། ཡ་ཧོ་ཝཱས་དེ་རྣམས་ཀྱི་ཐོག་ཏུ་བར་ཆོད་འདི་ཐམས་ཅད་ཕབ་པ་ཡིན། ཟེར་བར་འགྱུར་རོ། ཞེས་གསུངས་སོ༎