ཤ་ལོ་མོས་ལོ་ཉི་ཤུའི་ནང་དུ་ཡ་ཧོ་ཝཱའི་ཕོ་བྲང་དང་རང་གི་ཕོ་བྲང་རྩིག་ཟིན་པའི་མཐར།  ཧུ་རམ་གྱིས་ཤ་ལོ་མོ་ལ་ཕུལ་བའི་གྲོང་ཁྱེར་རྣམས་ཤ་ལོ་མོས་བརྩིགས་ནས། དེ་དག་གི་ནང་དུ་ཨིས་ར་ཨེལ་གྱི་བུ་བརྒྱུད་གནས་བཅུག་གོ།  དེ་ནས་ཤ་ལོ་མོ་་ཧ་མད་ཙོ་བཱ་རུ་ཕྱིན་ནས། དེ་ལས་རྒྱལ་བྱུང་།  ཡང་འབྲོག་སྟོང་གི་ཐད་མོར་དང་། ཧ་མད་ཀྱི་བང་མཛོད་ཀྱི་གྲོང་ཁྱེར་རྣམས་དང་།  བེད་ཧོ་རོན་གོང་འོག་གཉིས་བཅས་ལྕགས་རི་དང་རྒྱ་སྒོ་དང་སྒོ་གཏན་གྱིས་བརྟན་པོར་བྱས་པའི་གྲོང་ཁྱེར་དེ་རྣམས་བརྩིགས་པ་ཡིན།  ཡང་ཤ་ལོ་མོའི་ཡིན་པའི་བ་ཨ་ལད་དང་། བང་མཛོད་ཀྱི་གྲོང་ཁྱེར་དང་། ཤིང་རྟའི་གྲོང་ཁྱེར་དང་། རྟ་པའི་གྲོང་ཁྱེར་རྣམས་དང་། ཤ་ལོ་མོས་ཡེ་རུ་ཤ་ལེམ་དང་། ལི་བ་ནོན་དང་། རང་གི་རྒྱལ་སྲིད་ཀྱི་ཡུལ་ཚང་མར་ཅི་དང་ཅི་བརྩིག་པར་འདོད་པ་ཐམས་ཅད་བསྒྲུབས་སོ།  ཡང་ཨིས་ར་ཨེལ་མིན་པའི་ཧེད་པ་དང་། ཨ་མོར་པ་དང་། ཕེ་རི་ཟི་པ་དང་། ཧི་ཝི་པ་དང་། ཡེ་བུས་པའི་ནང་ནས་ལུས་པའི་མི་སྡེ་ཚང་མ།  ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱིས་མ་སྣུབ་པར། ཡུལ་ཁམས་ཀྱི་ནང་དུ་ལུས་པའི་བརྒྱུད་དེ་དག་ལ། ཤ་ལོ་མོས་དེ་རིང་གི་བར་དུ་ལུས་པ་ལྟར་དུ། དཔྱ་ཁྲལ་གྱི་ཚབ་ཏུ་ཁྲལ་རྒྱུག་ཏུ་བཅུག་པ་ཡིན།  འོན་ཀྱང་ཤ་ལོ་མོས་ཨིས་ར་ཨེལ་གྱི་བུ་བརྒྱུད་ཀྱི་ནང་ནས་གང་ཡང་རང་གི་ལས་བྱེད་དུ་འཁོལ་པོར་མ་བཞག་གིས། དེ་རྣམས་ཁོང་གི་དམག་མི་དང་། དམག་དཔོན་དང་། ཤིང་རྟ་དང་རྟ་པའི་འགོ་པ་བྱས་པ་ཡིན། ༡༠ ཡང་རྒྱལ་པོ་ཤ་ལོ་མོའི་འགོ་བྱེད་ཀྱི་ནང་ནས་ཆེ་བ་ཉིས་བརྒྱ་ལྔ་བཅུ་ཡོད་པ་ཡིན་ཏེ། དེ་དག་གིས་ལས་མི་རྣམས་ཀྱི་འགོ་པ་བྱས་པ་ཡིན།
༡༡ ཡང་ཤ་ལོ་མོས་ཕར་ཨོ་ཡི་སྲས་མོ་དེ་ནི་དཱ་བིད་ཀྱི་གྲོང་ཁྱེར་གྱི་ནང་ནས་བཏོན་ཏེ། དེའི་ཕྱིར་བརྩིགས་པའི་ཁྱིམ་གྱི་ནང་དུ་བཞག་གོ། གང་ལ་ཞེ་ན། ཨིས་ར་ཨེལ་གྱི་རྒྱལ་པོ་དཱ་བིད་ཀྱི་ཕོ་བྲང་གི་ནང་དུ་ངའི་ཆུང་མ་སྡོད་པའི་མི་རིགས། དེ་ཅི་ལ་ཞེ་ན། ཡ་ཧོ་ཝཱའི་སྒྲོམ་བསླེབ་པའི་གནས་དེ་ནི་དམ་པ་ལགས་སོ། གསུངས་པས་སོ༎
༡༢ དེ་ནས་ཤ་ལོ་མོས་སྒོ་འབྱོར་གྱི་མདུན་དུ་བཞེངས་པའི་ཡ་ཧོ་ཝཱའི་མཆོད་ཁྲིའི་ཁར། ཡ་ཧོ་ཝཱ་ལ་སྦྱིན་སྲེག་གི་མཆོད་པ་རྣམས་ཕུལ་ཏེ། ༡༣ མོ་ཤེས་སྒོ་བ་བཞིན་དུ་ཉིན་རེ་བཞིན་གྱི་རིམ་པ་དང་། ཤབ་བཱད་དང་། ཟླ་ཚེས་དང་། ལོ་འཁོར་གྱི་དུས་ཆེན་གསུམ་དང་། རུ་མ་མེད་པའི་བག་ལེབ་ཀྱི་དུས་ཆེན་དང་། བདུན་ཕྲག་རྣམས་ཀྱི་དུས་ཆེན་བྱ་བ་དང་། སྤྱིལ་བུའི་དུས་ཆེན་ལ་མཆོད་པ་ཕུལ་ཏོ། ༡༤ ཡང་ཁོང་གིས་ཡབ་དཱ་བིད་ཀྱི་བཀའ་སྩལ་བཞིན་དུ། བླ་མ་རྣམས་ཀྱི་ཞབས་ཏོག་གི་རེས་མོས་མཛད་པ་དང་། ལེ་ཝི་པ་རྣམས་ཀྱིས་བླ་མ་དག་གི་མདུན་དུ་ཉིན་རེར་བྱེད་དགོས་ཡོད་པའི་ལས་ཁག་བཞིན་དུ། ཡ་ཧོ་ཝཱ་ལ་སྟོད་དབྱངས་དང་བདག་རྐྱེན་བྱེད་པ་དང་། སྒོ་པ་རྣམས་རེ་རང་གི་རེས་བཞིན་དུ་རྒྱ་སྒོ་རེ་རེ་ལ་སྲུང་དུ་བཞག་གོ། གང་ལ་ཞེ་ན། དཀོན་མཆོག་གི་སྐྱེས་བུ་དཱ་བིད་ཀྱིས་དེ་ལྟར་བཀའ་གནང་བའི་ཕྱིར་རོ། ༡༥ རྒྱལ་པོས་བླ་མ་དང་། ལེ་ཝི་པ་རྣམས་ལ་ལས་ཚང་མ་དང་། དཀོར་མཛོད་སྐོར་གནང་བའི་བཀའ་ལས་དེ་དག་མ་བྱོལ་ཏོ༎
༡༦ དེ་ལྟར་ཡ་ཧོ་ཝཱའི་ཕོ་བྲང་གི་ཞབས་གདན་བཏིང་བའི་ཞག་ནས་དེ་སྒྲུབ་པའི་བར་དུ། ཤ་ལོ་མོའི་ལས་ཚང་མ་བསྒྲུབ་ནས། ཡ་ཧོ་ཝཱའི་ཕོ་བྲང་དེ་ཡོངས་སུ་བསྒྲུབས་སོ༎
༡༧ དེ་ནས་ཤ་ལོ་མོས་ཨེ་དོམ་ཡུལ་དུ་རྒྱ་མཚོའི་འགྲམ་ལ་ཡོད་པའི་ཨེ་ཙོན་གེ་བེར་དང་ཨེ་ལོད་ལ་ཕྱིན་པ་དང་། ༡༨ ཧུ་རམ་གྱིས་རང་གི་འཁོར་གཡོག་རྒྱུད་དེ་ཁོང་ལ་གྲུ་གཟིངས་དང་རྒྱ་མཚོ་ལ་གོམས་པའི་བྲན་པོ་རེ་བརྫངས་ནས། དེ་དག་ཤ་ལོ་མོའི་བྲན་པོ་རེ་མཉམ་ཨོ་ཕིར་དུ་སོང་ནས། དེ་ནས་གསེར་གྱི་རྡོ་ཚད་བཞི་བརྒྱ་ལྔ་བཅུ་ཐོགས་ནས། རྒྱལ་པོ་ཤ་ལོ་མོའི་དྲུང་དུ་དྲངས་སོ༎