དེ་ནས་ཤེ་བཱ་ཡི་རྒྱལ་མོས་ཤ་ལོ་མོའི་སྙན་གྲགས་ཐོས་པས། འཁོར་ཆེན་པོ་དང་། སྤོད་དང་། གསེར་མང་པོ་དང་། རྡོ་བ་རིན་པོ་ཆེ་བཀལ་བའི་རྔ་མོང་དག་དང་བཅས་སུ། གབ་ཚིག་གིས་ཁོང་གི་ཚོད་ལེན་དུ་ཡེ་རུ་ཤ་ལེམ་དུ་འོངས་ཏེ། ཤ་ལོ་མོ་གང་ན་བར་ཕྱིན་ནས། མོའི་སྙིང་ལ་གང་ཡོད་པ་ཐམས་ཅད་ཀྱི་སྐོར་དུ། ཁོང་དང་གཏམ་བྱས་ནས།  ཤ་ལོ་མོས་དེའི་དྲི་བ་ཚང་མ་ལ་ལན་བཏབ་སྟེ། མོའི་དྲི་བ་གང་ལ་ཡང་ལན་མི་ཐེབས་པའི་ཕྱིར་ཤ་ལོ་མོ་ལ་ནི་གབ་ཚིག་མེད་པ་ཡིན།  དེ་ནས་ཤེ་བཱ་ཡི་རྒྱལ་མོས་ཤ་ལོ་མོའི་བློ་མཁས་པ་དང་། ཁོང་གིས་བཞེངས་པའི་ཕོ་བྲང་དང་།  ཁོང་གི་གསོལ་ལྕོག་གི་ཁ་ཟས་དང་། ཁོང་གི་ཞབས་ཕྱི་རྣམས་ཀྱི་སྡོད་ལུགས་དང་། མདུན་ན་འདོན་པ་རྣམས་ཀྱི་འཚོགས་ལུགས་དང་། དེ་རྣམས་ཀྱི་ཆས་དང་། སྟེགས་དཔོན་རྣམས་དང་། དེ་དག་གི་གོས་དང་། ཁོང་ཡ་ཧོ་ཝཱའི་ཕོ་བྲང་དུ་ཡར་འགྲོ་རྒྱུའི་སྐས་ཀ་དེ་མཐོང་བ་དང་། མོའི་དྲན་པ་སྟོར་ནས།  རྒྱལ་པོ་ལ། ངས་རང་གི་ཡུལ་དུ་ཁྱེད་ཀྱི་མཛད་པ་དང་བློ་མཁས་པའི་སྐོར་ཐོས་པའི་ལོ་དེ་བདེན་ཏེ།  འོན་ཀྱང་ང་འདིར་བསླེབས་ནས། རང་གི་མིག་གིས་མ་མཐོང་བའི་བར་དུ། ལོ་དེ་ལ་ཡིད་མ་ཆེས་པ་ཡིན། གཟིགས་ཤིག ཁྱེད་ཀྱི་ཤེས་རབ་ཀྱི་ཆེ་ཁྱད་ཀྱི་ཕྱེད་ཁ་ཙམ་ཡང་ངས་ཐོས་པ་མིན་པས། ངས་ཐོས་པའི་ལོ་ལས་ནི་ཁྱེད་ལྷག་པར་དུ་དྲག་གོ།  ཁྱེད་ཀྱི་མི་རྣམས་བཀྲ་ཤིས་ཏེ། དུས་རྒྱུན་དུ་ཁྱེད་ཀྱི་དྲུང་ན་སྡོད་ཅིང་། ཁྱེད་ཀྱི་ཤེས་རབ་ཐོས་པའི་ཞབས་ཕྱི་འདི་རྣམས་བཀྲ་ཤིས་པའོ།  ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་བཀྲ་ཤིས་ཤོག ཁོང་ཁྱེད་ལ་མཉེས་ཏེ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་ཚབ་ཏུ་རྒྱལ་པོ་བྱེད་དུ། ཁྱེད་ནི་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་རྒྱལ་ཁྲིར་བཞག་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཀྱི་དཀོན་མཆོག་གིས་ཨིས་ར་ཨེལ་ལ་བྱམས་ཤིང་། དེ་དག་དུས་རྒྱུན་དུ་འཇོག་པའི་ཕྱིར་དུ། ཁྲིམས་དང་ཞལ་ཆེ་དྲང་པོ་གཅོད་དུ་དེ་དག་གི་རྒྱལ་པོར་ཁྱེད་བསྐོས་པ་ལགས་སོ། ཞེས་ཤིས་པར་བརྗོད་ནས།  རྒྱལ་པོ་ལ་གསེར་གྱི་རྡོ་ཚད་བརྒྱ་དང་ཉི་ཤུ་དང་། སྤོད་མང་པོ་དང་། རྡོ་བ་རིན་པོ་ཆེ་མང་པོ་ཕུལ་ཏོ། ཤེ་བཱ་ཡི་རྒྱལ་མོས་རྒྱལ་པོ་ཤ་ལོ་མོ་ལ་ཕུལ་བའི་སྤོད་དེ་ལྟ་བུ་ཞིག་ནམ་དུ་ཡང་མ་བསླེབས་སོ༎
༡༠ ཨོ་ཕིར་ནས་གསེར་འཁྱེར་འོངས་པའི་ཧུ་རམ་དང་ཤ་ལོ་མོའི་བྲན་དག་གིས་ཙན་དན་གྱི་གདུང་མ་དང་། རྡོ་བ་རིན་པོ་ཆེ་ཡང་དྲངས་པས། ༡༡ རྒྱལ་པོས་ཡ་ཧོ་ཝཱའི་ཕོ་བྲང་དང་རྒྱལ་ཁབ་ཀྱི་ཕྱིར་དུ་ཙན་དན་ཤིང་ལས་སྐས་ཀ་དང་། མགུར་འབུལ་མཁན་དག་གི་ཕྱིར་པི་ཝང་དང་སྒྲ་སྙན་བཟོ་རུ་བཅུག་སྟེ། སྔོན་དུ་དེ་ལྟ་བུའི་ཤིང་ཡ་ཧུ་དཱ་ཡུལ་དུ་མཐོང་བ་མ་ཡིན།
༡༢ ཡང་ཤེ་བཱ་ཡི་རྒྱལ་མོས་རྒྱལ་པོ་ལ་ཕུལ་བའི་སྟེང་དུ། རྒྱལ་པོ་ཤ་ལོ་མོས་རྒྱལ་མོའི་འདོད་པ་བཞིན་དུ་ཅི་དང་ཅི་ཞུས་པ་ཐམས་ཅད་ཀྱང་བསྟེར་བ་དང་། མོ་ཕྱིར་ལོག་ནས། འཁོར་དང་བཅས་སུ་རང་གི་ཡུལ་དུ་བཞུད་དོ༎
༡༣ ཡང་རྒྱལ་པོ་ཤ་ལོ་མོ་ལ་ལོ་གཞུང་བརྙེད་པའི་གསེར་གྱི་སྐར་ཀ་ནི་རྡོ་ཚད་དྲུག་བརྒྱ་དང་དྲུག་ཅུ་རེ་དྲུག་སྟེ། ༡༤ དེ་མ་ཟད། ཚོང་པ་དང་། ཁེ་ཚོང་བྱེད་མཁན་དག་གིས་ཕུལ་ཏེ། ཨ་རཱབ་ཡུལ་གྱི་རྒྱལ་པོ་རྣམས་དང་། ཡུལ་གྱི་སྡེ་དཔོན་རྣམས་ཀྱིས་ཀྱང་ཤ་ལོ་མོ་ལ་གསེར་དངུལ་ཕུལ་བ་ཡིན། ༡༥ དེ་ནས་རྒྱལ་པོ་ཤ་ལོ་མོས་གསེར་ལྗང་རྡུང་གི་ཕུབ་ཉིས་བརྒྱ་བཟོས་ཏེ། ཕུབ་རེ་ལ་གསེར་གྱི་ཤེ་ཀེལ་དྲུག་བརྒྱ་རེ་སོང་། ༡༦ གསེར་གྱི་ཕུབ་ཆུང་སུམ་བརྒྱ་ལྗང་རྡུང་གི་གསེར་ལས་བཟོས་ཏེ། ཕུབ་རེ་ལ་གསེར་གྱི་ཤེ་ཀེལ་སུམ་བརྒྱ་རེ་སོང་། རྒྱལ་པོས་དེ་དག་ནི་ལི་བ་ནོན་ནགས་ཚལ་ཁང་བྱ་བའི་ནང་དུ་བཞག་གོ། ༡༧ དེ་རྣམས་མ་ཟད་པར། རྒྱལ་པོས་བ་སོའི་རྒྱལ་ཁྲི་ཆེན་པོ་ཞིག་བཟོས་ནས། གསེར་བཙོ་མས་དེ་བཀབ་བོ། ༡༨ ཁྲི་དེ་ལ་ཐེམ་སྐས་དྲུག་ཡོད་དེ། གསེར་གྱི་རྐང་སྟེགས་ཤིག་ཁྲི་ལ་སྦྱར་ཏེ་ཡོད་པ་ཡིན། ཡང་སྡོད་སའི་ཕྱོགས་གཉིས་པོ་ལ་ལག་པ་རྟེན་ས་དང་། རྟེན་སའི་མདུན་དུ་སེང་གེ་གཉིས་ལངས་ཏེ་ཡོད་པ་ཡིན། ༡༩ ཡང་ཐེམ་སྐས་དྲུག་པོའི་གཡས་གཡོན་གཉིས་པོ་ལ་སེང་གེ་བཅུ་གཉིས་ལངས་ཏེ་ཡོད་པ་ཡིན། དེ་ལྟ་བུ་ཞིག་རྒྱལ་ཁམས་གང་དུའང་བཟོས་པ་མེད་དོ། ༢༠ ཡང་རྒྱལ་པོ་ཤ་ལོ་མོའི་འཐུང་བའི་ཆས་ཐམས་ཅད་གསེར་ལས་བཟོས་ཏེ། ལི་བ་ནོན་གྱི་ནགས་ཚལ་ཁང་བྱ་བའི་ཡོ་བྱད་ཚང་མ་གསེར་བཙོ་མ་ལས་བཟོས་ཏེ་ཡོད་པ་ཡིན་ཏེ། དངུལ་ལས་གང་ཡང་མེད་པ་ཡིན། ཤ་ལོ་མོའི་སྐུ་རིང་དུ་དངུལ་ལ་རིན་ཅིའང་མེད་པ་ཡིན། ༢༡ དེ་གང་ལ་ཞེ་ན། རྒྱལ་པོའི་གྲུ་རྣམས་ཧུ་རམ་གྱི་བྲན་པོ་དག་དང་ལྷན་ཅིག་ཏུ་ཐར་ཤིས་ལ་སོང་སྟེ། ལོ་གསུམ་བར་དུ་ལྷན་གཅིག་ཐར་ཤིས་ཀྱི་གྲུ་གཟིངས་དེ་རྣམས་ལ་གསེར་དང་། དངུལ་དང་། བ་སོ་དང་། སྤྲེའུ་དང་། རྨ་བྱ་བཀལ་ནས་བསླེབས་པ་ཡིན།
༢༢ དེ་ལྟར་རྒྱལ་པོ་ཤ་ལོ་མོ་དེ་ས་གཞིའི་རྒྱལ་པོ་ཐམས་ཅད་ལས་ནོར་རྫས་དང་བློ་མཁས་པའི་ནང་དུ་དྲག་པར་གྱུར་ཏོ། ༢༣ ཡང་དཀོན་མཆོག་གིས་ཤ་ལོ་མོའི་སྙིང་ལ་བཅུག་པའི་བློ་མཁས་པའི་གཏམ་ཐོས་པའི་ཕྱིར་དུ། སའི་རྒྱལ་པོ་ཚང་མ་ཁོང་གི་ཞལ་མཇལ་དུ་བསྙེགས་པ་ཡིན། ༢༤ དེ་དག་རེ་རེས་ལོ་གཞུང་གསེར་གྱི་ཡོ་བྱད་དང་། དངུལ་གྱི་ཆས་དང་། གོན་ཆས་དང་། དམག་ཆས་དང་། སྤོས་རྣམས་དང་། རྟ་དྲེལ་རྣམས་ཕུལ་བ་ཡིན། ༢༥ ཤ་ལོ་མོ་ལ་རྟ་དང་ཤིང་རྟའི་ཕྱིར་རྟ་ར་སྟོང་ཕྲག་བཞི་དང་། རྟ་པ་སྟོང་ཕྲག་བཅུ་གཉིས་ཡོད་པ་ཡིན། དེ་རྣམས་ཤིང་རྟའི་གྲོང་ཁྱེར་དང་། ཡེ་རུ་ཤ་ལེམ་དུ་རྒྱལ་པོའི་དྲུང་དུ་བཞག་གོ། ༢༦ གཙང་པོ་ཡན་ཆོད་ཕེ་ལེ་ཤེད་ཡུལ་དང་། མི་སེར་གྱི་ས་ཚིགས་གྱེན་ཆོད་ཀྱི་རྒྱལ་པོ་ཐམས་ཅད་ལ་སྲིད་མཛད་དོ། ༢༧ རྒྱལ་པོ་དེས་ཡེ་རུ་ཤ་ལེམ་ལ་དངུལ་ནི་རྡོ་བ་ལྟ་བུ་དང་། འགྱམ་ཤིང་ནི་རོང་ཤིང་ལྟར་མོད་པོར་མཛད་དོ། ༢༨ མི་སེར་དང་ཡུལ་ཀུན་ལས་ཤ་ལོ་མོའི་ཕྱིར་རྟ་རྣམས་དྲངས་བྱུང་།
༢༩ ཤ་ལོ་མོའི་གཞན་བྱ་བ་སྔ་ཕྱི་རྣམས་ནི། ལུང་སྟོན་པ་ནཱ་ཐན་གྱི་གསུང་འབུམ་དང་། ཤི་ལོ་པ་ཨ་ཧི་ཡཱ་ཡི་ལུང་བསྟན་དང་། མངོན་བཤེས་པ་ཨིད་དོའམ། ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་སྐོར་མཐོང་བའི་ཞལ་གཟིགས་རྣམས་ཀྱི་ནང་དུ་བྲིས་ནས་མེད་དམ། ༣༠ ཤ་ལོ་མོས་ཡེ་རུ་ཤ་ལེམ་དུ་ཨིས་ར་ཨེལ་ཡོངས་ལ་ལོ་བཞི་བཅུར་རྒྱལ་སྲིད་བསྐྱངས་ནས། ༣༡ ཤ་ལོ་མོ་ཉིད་ཀྱི་ཕ་མེས་དང་མཉམ་དུ་མནལ་དུ་ཕེབས་ནས། དེའི་ཡབ་དཱ་བིད་ཀྱི་གྲོང་ཁྱེར་དུ་བསྐུངས་སོ། དེ་ནས་ཁོང་གི་སྲས་རེ་ཧབ་ཨམ་ཁོང་གི་ཚབ་ཏུ་རྒྱལ་པོར་གྱུར་ཏོ༎