༢༩
དེ་ནས་རྒྱལ་པོ་དཱ་བིད་ཀྱིས་མི་ཚོགས་ཐམས་ཅད་ལ་གསུངས་པ། དཀོན་མཆོག་གིས་ངའི་བུ་ཤ་ལོ་མོ་གཅིག་པུ་འདམས། དེ་ནི་ན་སོ་ཕྲ་ཞིང་ཞན། ལས་ནི་རྒྱ་ཆེ། ཕོ་བྲང་དེ་མིའི་ཕྱིར་མིན་ཏེ། ཡ་ཧོ་ཝཱ་དཀོན་མཆོག་གི་དོན་དུ་ཡིན།  ངས་ནི་ཇི་ནུས་ཀྱིས་དཀོན་མཆོག་གི་ཕོ་བྲང་གི་དོན་དུ་བཤམས་ཏེ། གསེར་ཆས་ཀྱི་ཕྱིར་དུ་གསེར་དང་། དངུལ་ཆས་ཀྱི་ཕྱིར་དུ་དངུལ་དང་། རག་ཆས་ཀྱི་ཕྱིར་དུ་ར་གན་དང་། ལྕགས་ཆས་ཀྱི་ཕྱིར་དུ་ལྕགས་དང་། ཤིང་ཆས་ཀྱི་ཕྱིར་དུ་ཤིང་དང་། རྡོ་བ་པད་མ་ར་ག་དང་། མདོག་སྣ་ཚོགས་ཀྱི་ཕྲ་རྒྱན་དང་། ཕྲ་ལ་འཇུག་ཏུ་རྡོ་བ་རིན་པོ་ཆེའི་རིགས་ཚང་མ་དང་། རྡོ་ཀ་མ་རུ་མོད་པོ་བཤམས་པ་ཡིན།  ངས་རང་གི་དཀོན་མཆོག་གི་ཕོ་བྲང་གི་ཕྱིར་སྙིང་བཏང་སྟེ། མཆོད་ཁང་དམ་པ་དེའི་དོན་དུ་བཤམས་པ་ཐམས་ཅད་ཀྱི་སྣོན་མར། ངས་རང་ནོར་ལས་བདག་གི་དཀོན་མཆོག་གི་ཕོ་བྲང་གི་ཕྱིར་གསེར་དངུལ་ཕུལ་ཏེ།  ནང་མིག་སོ་སོའི་རྩིག་པ་རྣམས་འགེབས་པའི་ཕྱིར་དུ། ཨོ་ཕིར་གྱི་གསེར་རྡོ་ཚད་སྟོང་ཕྲག་གསུམ་དང་། དངུལ་ལྷད་མེད་རྡོ་ཚད་སྟོང་བདུན་ཕུལ་ཡོད།  ཡང་གསེར་དེ་ནི་གསེར་ཆས་ཀྱི་ཕྱིར་དང་། དངུལ་དེ་ནི་དངུལ་ཆས་ཀྱི་ཕྱིར་དང་། ལག་ཤེས་རྣམས་ཀྱི་ལག་པས་བཟོ་རྒྱུའི་བཟོ་ལས་ཀུན་གྱི་ཕྱིར་ཡིན་ནོ། ད་དེ་རིང་སུས་ཡ་ཧོ་ཝཱ་ལ་འབུལ་བ་འབུལ་བར་འདོད་དམ། ཞེས་དྲིས་པས།
 ཕ་སྤད་སོ་སོའི་འགོ་དཔོན་དང་། ཨིས་ར་ཨེལ་གྱི་སྡེ་སོ་སོའི་སྡེ་དཔོན་དང་། སྟོང་དཔོན་དང་། བརྒྱ་དཔོན་དང་། རྒྱལ་པོའི་ལས་དཔོན་ཐམས་ཅད་ཀྱིས་དགའ་ཞིང་ཕུལ་ཏེ།  དཀོན་མཆོག་གི་ཕོ་བྲང་གི་ལས་ཀྱི་ཕྱིར་དུ་གསེར་གྱི་རྡོ་ཚད་སྟོང་ཕྲག་ལྔ་དང་། གསེར་ཊམ་སྟོང་ཕྲག་བཅུ་དང་། དངུལ་གྱི་རྡོ་ཚད་སྟོང་ཕྲག་བཅུ་དང་། རག་གི་རྡོ་ཚད་སྟོང་ཕྲག་བཅོ་བརྒྱད་དང་། ལྕགས་ཀྱི་རྡོ་ཚད་འབུམ་ཕྲག་གཅིག་ཕུལ་བྱུང་།  ཡང་རྡོ་བ་རིན་པོ་ཆེ་ཡོད་པ་དག་གིས་གེར་ཤོན་པ་ཡེ་ཧི་ཨེལ་རྒྱུད་ནས་ཡ་ཧོ་ཝཱའི་ཕོ་བྲང་གི་དཀོར་མཛོད་ལ་ཕུལ་ཏོ།  ཐམས་ཅད་ཀྱི་སེམས་དག་པའི་ནང་ནས་དགའ་ཞིང་ཡ་ཧོ་ཝཱ་ལ་ཕུལ་བས། མི་ཚོགས་ཀྱང་འཐད། རྒྱལ་པོ་དཱ་བིད་ཀྱང་རབ་ཏུ་ཡི་རངས་པར་གྱུར་ཏོ༎
༡༠ དེ་ནས་དཱ་བིད་ཀྱིས་མི་ཚོགས་ཚང་མའི་མདུན་དུ་ཡ་ཧོ་ཝཱ་ལ་ཤིས་པར་བརྗོད་ཅིང་། དཱ་བིད་ཀྱིས་འདི་སྐད་དུ། ཀྱེ་ཡ་ཧོ་ཝཱ། ངའི་ཕ་ཨིས་ར་ཨེལ་གྱི་དཀོན་མཆོག ཁྱེད་ལ་དུས་རྒྱུན་དུ་བཀྲ་ཤིས་ཤོག ༡༡ ཀྱེ་ཡ་ཧོ་ཝཱ། ཆེ་བ་དང་དབང་དང་། ལྷན་ནེ་བ་དང་། རྒྱལ་ཁ་དང་། གཟི་བརྗིད་ཁྱེད་ཀྱི་ཡིན། དེས་མ་ཟད། གནམ་ས་གཉིས་ལ་ཅི་ཡོད་པ་ཐམས་ཅད་ཁྱེད་ཀྱི་ཡིན། ཀྱེ་ཡ་ཧོ་ཝཱ། རྒྱལ་སྲིད་ནི་ཁྱེད་ཀྱི་ཡིན། ཁྱེད་ནི་ཐམས་ཅད་ལས་དབུ་འཕང་མཐོ་བ་ལགས། ༡༢ དབྱིགས་དང་ཞེ་ས་ཁྱེད་ལས་འབྱུང་། ཡོད་དོ་ཅོག་ལ་ཁྱེད་ཀྱིས་སྲིད་མཛད། ཁྱེད་ཀྱི་ཕྱག་ཏུ་དབང་དང་མཐུ་སྟོབས་གདའ། ཐམས་ཅད་ལ་ཆེ་བ་དང་སྟོབས་ཤུགས་གནང་བ་ཡང་ཁྱེད་ཀྱི་ཕྱག་ཏུ་གདའ། ༡༣ དེ་བས་ན། ཀྱེ་བདག་གི་དཀོན་མཆོག ཁྱེད་ལ་གཏང་རག་ཅིང་། ཁྱེད་ཀྱི་དཔལ་དང་ལྡན་པའི་མཚན་ལ་སྟོད་སྔག་གོ།
༡༤ བདག་ཅག་གིས་འདི་ལྟར་དགའ་མགུ་ཞིང་འབུལ་བ་འབུལ་དུ་བདག་རང་ཡིན་ཅི་ཡིན། ངའི་མི་སྡེ་ཡང་ཡིན་ཅི་ཡིན། དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཐམས་ཅད་ཁྱེད་ཀྱི་ཕྱོགས་ནས་འབྱུང་བས། ཁྱེད་ཉིད་ཀྱི་ནོར་རྫས་ཀྱི་ནང་ནས་བདག་ཅག་གིས་ཁྱེད་ལ་ཕུལ་བ་ཡིན། ༡༥ དེ་ཅིའི་ཕྱིར་ཞེ་ན། བདག་ནི་རང་གི་ཕ་མེས་ཐམས་ཅད་དང་འདྲ་བར་ཁྱེད་ཀྱི་དྲུང་ན་རྒྱལ་ཁམས་པ་དང་འཁྱམ་པོ་སྟེ། ས་གཞིའི་ནང་ན་བདག་གི་མི་ཚེ་ནི་བསིལ་གྲིབ་དང་འདྲ་བས། དེ་ལ་གདེང་ཚད་ཅིའང་མེད། ༡༦ ཀྱེ་ཡ་ཧོ་ཝཱ། བདག་གི་དཀོན་མཆོག་ལགས། ཁྱེད་ཀྱི་མཚན་དམ་པའི་ཆེད་དུ་ཕོ་བྲང་ཞིག་བཞེང་དུ་བཤམས་པའི་ནོར་རྫས་འདི་ཚང་མ་ནི། ཁྱེད་ཀྱི་ཕྱག་ནས་བརྙེད་པས། ཚང་མ་ཁྱེད་ཀྱི་ཡིན། ༡༧ ཀྱེ་ངའི་དཀོན་མཆོག ཁྱེད་ནི་སྙིང་ལ་ཞིབ་དཔྱོད་མཛད་དེ་དྲང་པོ་ལ་ཐུགས་མཉེས་པ་ངས་ཤེས། ངས་བློ་སེམས་དྲང་པོས་འདི་ཐམས་ཅད་སེམས་འཐད་དེ་ཕུལ་བ་ཡིན། ཡང་འདིར་འཛོམས་པའི་ཁྱེད་ཀྱི་མི་སྡེས་ཀྱང་དགའ་ཞིང་ཁྱེད་ལ་འབུལ་བ་ལ། ངས་དགའ་ཞིང་བལྟས་པ་ཡིན། ༡༨ ཀྱེ་ཡ་ཧོ་ཝཱ། ངའི་ཡབ་མེས་ཨབ་ར་ཧམ་དང་། ཨི་སཱག་དང་། ཨིས་ར་ཨེལ་གྱི་དཀོན་མཆོག་ལགས། ཁྱེད་ཀྱི་མི་སྡེ་འདིའི་སྙིང་གི་ནང་དུ་དུས་རྒྱུན་དུ་འདུན་པ་དང་བསམ་པ་འདི་འཇོག་པར་མཛོད། དེ་དག་གི་སྙིང་ཁྱེད་ཀྱི་ཕྱོགས་སུ་སྐྱོང་བར་མཛོད། ༡༩ ཡང་ངའི་བུ་ཤ་ལོ་མོ་ལ། ཁྱེད་ཀྱི་བཀའ་རྒྱ་དང་ཞལ་ཆད་དང་སྤྱད་མཚམས་ཐམས་ཅད་སྲུང་བ་དང་། ངས་གྲལ་བྱས་པའི་ཕོ་བྲང་དེ་བཞེང་བའི་ཕྱིར་དུ། ཕུལ་དུ་ཕྱིན་པའི་སྙིང་ཞིག་གནོང་ཞིག ཅེས་གསོལ་བ་བཏབ་ནས།
༢༠ དཱ་བིད་ཀྱིས་མི་ཚོགས་ལ། ད་ཡ་ཧོ་ཝཱ་རང་གི་དཀོན་མཆོག་ལ་སྟོད་པར་གྱིས་ཤིག གསུངས་པ་དང་། མི་ཚོགས་ཡོངས་ཀྱིས་རང་གི་ཡབ་མེས་ཀྱི་དཀོན་མཆོག་ཡ་ཧོ་ཝཱ་ལ་སྟོད་བསྔགས་ནས། མགོ་དགུར་ནས། ཡ་ཧོ་ཝཱ་དང་རྒྱལ་པོ་གཉིས་ལ་ཕྱག་བཙལ་ཏོ༎
༢༡ ཡང་དེ་རྣམས་ཀྱིས་དེའི་ཕྱི་ཉིན་གྱི་སྔ་དྲོར། ཡ་ཧོ་ཝཱ་ལ་མཆོད་པ་ཕུལ་ནས། ཡ་ཧོ་ཝཱ་ལ་སྦྱིན་སྲེག་གི་མཆོད་པར་གླང་སྟོང་ཕྲག་གཅིག་དང་། ལུག་ཐུག་སྟོང་ཕྲག་གཅིག་དང་། ལུ་གུ་སྟོང་ཕྲག་གཅིག་རྣམས། དེ་ཀུན་གྱི་གསེར་སྐྱེམས་དང་བཅས་སུ་ཕུལ་ཏེ། ཨིས་ར་ཨེལ་ཀུན་གྱི་ཕྱིར་མཆོད་པ་རྒྱ་ཆེན་པོ་ཞིག་ཕུལ་ཏོ། ༢༢ ཉིན་མོ་དེ་ལ་དེ་རྣམས་རབ་ཏུ་དགའ་དགུ་ཞིང་ཡ་ཧོ་ཝཱའི་དྲུང་དུ་ཟ་བ་དང་བཏུང་བ་ལ་སྤྱད་དོ། ཡང་དཱ་བིད་ཀྱི་སྲས་ཤ་ལོ་མོ་བསྐྱར་ནས་རྒྱལ་པོར་བསྐོས་ནས། ཡ་ཧོ་ཝཱའི་དྲུང་དུ་མངའ་བདག་ལ་འགྱུར་དུ། ཁོང་ལ་སྣུམ་བྱུགས། ཡང་ཙ་དོག་བླ་མ་བྱེད་དུ་བྱུགས་སོ། ༢༣ དེ་ལྟར་ཤ་ལོ་མོ་རང་གི་ཡབ་དཱ་བིད་ཀྱི་ཚབ་ཏུ་རྒྱལ་པོ་མཛད་དེ། ཡ་ཧོ་ཝཱའི་རྒྱལ་ཁྲིར་འཁོད་ནས་བཀྲ་ཤིས་ཤིང་། ཨིས་ར་ཨེལ་ཀུན་གྱིས་དེའི་བཀའི་འབངས་བྱས་ཏེ། ༢༤ སྐུ་དྲག་དང་། དཔའ་བོ་ཐམས་ཅད་དང་། རྒྱལ་པོ་དཱ་བིད་ཀྱི་སྲས་ཀུན་གྱིས་རྒྱལ་པོ་ཤ་ལོ་མོའི་བཀའ་སྩལ་ལ་ཉན་ཏོ། ༢༥ ཡང་ཡ་ཧོ་ཝཱས་ཨིས་ར་ཨེལ་ཡོངས་ཀྱི་མཐོང་སར་ཤ་ལོ་མོ་རབ་ཏུ་ཆེ་བར་མཛད་པས། དེའི་སྔོན་དུ་ཡོད་པའི་ཨིས་ར་ཨེལ་གྱི་རྒྱལ་པོ་གང་ལ་ཡང་མེད་པའི་རྔམ་བརྗིད་དེ་ལ་གནང་བྱུང་ངོ་༎
༢༦ དེའང་ཨི་ཤཱའི་བུ་དཱ་བིད་ཀྱིས་ཨིས་ར་ཨེལ་ཡོད་དོ་ཅོག་ལ་རྒྱལ་སྲིད་མཛད་པ་ཡིན། ༢༧ ཁོང་གིས་ཨིས་ར་ཨེལ་ལ་རྒྱལ་སྲིད་བསྐྱངས་པའི་ལོ་གྲངས་ནི་བཞི་བཅུ་སྟེ། ཧེབ་རོན་དུ་ལོ་བདུན་སྲིད་བསྐྱངས། ཡེ་རུ་ཤ་ལེམ་དུ་ལོ་སུམ་ཅུ་སོ་གསུམ་རྒྱལ་སྲིད་བསྐྱངས་པ་ཡིན་ནོ། ༢༨ དེ་ནས་ཁོང་རབ་ཏུ་བགྲེས་ཏེ། ཚེ་དང་ནོར་དང་བཀུར་སྟིས་ཆོག་པར་གྱུར་ནས་གྲོངས། སྲས་ཤ་ལོ་མོས་ཁོང་གི་ཚབ་ཏུ་རྒྱལ་སྲིད་བསྐྱངས་སོ། ༢༩ ཀྱེ་ཧོ། རྒྱལ་པོ་དཱ་བིད་ཀྱི་མཛད་པ་སྔ་ཕྱི་རྣམས་ནི། མངོན་བཤེས་པ་ཤ་མུ་ཨེལ་གྱི་གླེགས་བམ་དང་། ལུང་སྟོན་པ་ནཱ་ཐན་གྱི་གླེགས་བམ་དང་། མངོན་བཤེས་པ་གད་ཀྱི་གླེགས་བམ་གྱི་ནང་དུ་ཡི་གེར་བཀོད་དེ་ཡོད། ༣༠ དེ་རྣམས་ནང་ཁོང་གི་རྒྱལ་སྲིད་དང་། དབང་ཤུགས་དང་། ཁོང་རང་དང་ཨིས་ར་ཨེལ་དང་ཡུལ་སོ་སོའི་རྒྱལ་ཁག་ཐམས་ཅད་ཀྱི་ཐོག་ཏུ་ཤར་བའི་དུས་སོ་སོའི་བྱ་བ་རྣམས་བྲིས་ཏེ་ཡོད་དོ༎ ༎