༢༨
དེ་ནས་དཱ་བིད་ཀྱིས་ཨིས་ར་ཨེལ་གྱི་དཔོན་པོ་ཐམས་ཅད་ཅེ་ན། སྡེ་སོ་སོའི་འགོ་དཔོན་དང་། རེས་མོས་ཀྱིས་རྒྱལ་པོ་ལ་ཞབས་ཏོག་བྱེད་པའི་རུ་དཔོན་རྣམས་དང་། སྟོང་དཔོན་དང་། བརྒྱ་དཔོན་རྣམས་དང་། རྒྱལ་པོ་དང་རྒྱལ་སྲས་ཀྱི་ནོར་རྫས་དང་ཕྱུགས་ཐམས་ཅད་ཀྱི་ཕྱག་མཛོད་རྣམས་དང་། ཉུག་རུམ་དང་། དཔའ་རྩལ་ཅན་དང་། དཔའ་བདུད་རྣམས་ཡེ་རུ་ཤ་ལེམ་དུ་བསགས་ཏེ།  རྒྱལ་པོ་དཱ་བིད་རང་གི་ཞབས་ཐེར་བཙུགས་ནས། བཞེངས་ཏེ་གསུངས་པ། ངའི་སྤུན་དང་ངའི་མི་སྡེ་རྣམས། ངའི་གཏམ་ལ་ཉན་ཚལ། ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་གྱི་ཕྱིར་བསྟི་གནས་དང་། ངེད་ཀྱི་དཀོན་མཆོག་གི་དོན་དུ་ཞབས་སྟེགས་ཤིག་བཞེངས་པའི་འདུན་པ་ངའི་སྙིང་དུ་བྱུང་ནས། མཁར་ལས་ཀྱི་ཕྱིར་ཐམས་ཅད་བཤམས་མོད།  དཀོན་མཆོག་གིས་ང་ལ། ཁྱོད་ནི་དམག་གི་སྐྱེ་བོ་སྟེ། མིའི་ཁྲག་ཕོས་པས་ན། ངའི་མཚན་གྱི་ཕྱིར་ཁྱོད་ཀྱིས་ཕོ་བྲང་ཞིག་མ་རྩིགས་ཤིག་གསུངས་སོ།  འོན་ང་ནི་དུས་རྒྱུན་དུ་ཨིས་ར་ཨེལ་གྱི་རྒྱལ་པོར་འགྱུར་བའི་ཕྱིར་དུ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ངའི་ཕ་ཚན་ཐམས་ཅད་ཀྱི་ནང་ནས་ང་ནི་འདམས་པར་མཛད། ཅིའི་ཕྱིར་ཞེ་ན། ཁོང་གིས་ཡ་ཧུ་དཱ་ནི་མི་དཔོན་དུ་ཕྱེས་ཏེ། ཡ་ཧུ་དཱའི་ཕ་སྤད་ལས་ངའི་བརྒྱུད་པ་དང་། ངའི་ཕའི་བུ་རྣམས་ཀྱི་ཁྲོད་ལས། ང་ཨིས་ར་ཨེལ་ཡོངས་ཀྱི་ཐོག་ཏུ་རྒྱལ་པོར་མཛད་པ་ལ་ཁོང་ཐུགས་དགྱེས་པ་ཡིན།  ཡ་ཧོ་ཝཱས་ང་ལ་བུ་མང་ཙམ་གནང་བས། ངའི་བུ་ཀུན་གྱི་ནང་ནས་ཨིས་ར་ཨེལ་ལ་རྒྱལ་སྲིད་བྱེད་དུ་ཡ་ཧོ་ཝཱའི་རྒྱལ་ཁམས་ཀྱི་རྒྱལ་ཁྲིར་འཁོད་པ་ལ་ངའི་བུ་ཤ་ལོ་མོ་ནི་འདམས་པ་ལགས་ཏེ།  ཁོང་གིས་ང་ལ། ཁྱོད་ཀྱི་བུ་ཤ་ལོ་མོས་ངའི་ཕོ་བྲང་དང་ཁྱམས་རྣམས་རྩིག་པར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ངའི་བུ་ལ་འགྱུར་བར་འདམས་པས། ང་ནི་དེའི་ཕ་ལ་འགྱུར་བར་འགྱུར།  ཇི་སྟེ་དེས་ད་ལྟ་ལྟར་ངའི་བཀའ་དང་བཀའ་ཁྲིམས་སྲུང་དུ་རེམ་པར་བྱེད་ན། ངས་ཀྱང་དེའི་རྒྱལ་སྲིད་དུས་གཏན་གྱི་ཕྱིར་བརྟན་པར་བྱའོ་གསུང་བྱུང་།  དེའི་ཕྱིར་དུ་ད་ལྟ་ཡ་ཧོ་ཝཱའི་མི་ཚོགས་ཨིས་ར་ཨེལ་ཡོངས་ཀྱི་མཐོང་ངོར། འོ་སྐོལ་གྱི་དཀོན་མཆོག་གིས་གསན་སར། ཁྱོད་ཚོས་ཡུལ་བཟང་པོ་འདི་བདོག་པ་དང་། ཁྱོད་ཅག་གི་རྗེས་སུ་ཁྱོད་ཅག་གི་བུ་བརྒྱུད་ལ་ཡང་གཏན་དུ་ས་སྐལ་ལ་ལུས་པའི་ཕྱིར། ཡ་ཧོ་ཝཱ་རང་གི་དཀོན་མཆོག་གི་བཀའ་རྒྱ་ཐམས་ཅད་སྲུང་བ་དང་སྙེགས་པའི་ཕྱིར་དུ་ངས་ཁྱོད་ཚོ་ལ་སྐུལ་ལོ༎
 ད་ངའི་བུ་ཤ་ལོ་མོ། རང་གི་ཕའི་དཀོན་མཆོག་དེ་ངོ་འཕྲོད་པར་གྱིས། སྙིང་ཐག་ཧྲིལ་ནས། ཡིད་ཀྱི་གདུང་ཤུགས་ཀྱིས་ཁོང་ལ་རྟེན་ཞིག དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱས་སྙིང་ཚང་མ་ལ་ཞིབ་དཔྱོད་མཛད་ཅིང་། བསམ་པའི་དམིགས་རིམ་ཚང་མ་མཁྱེན་པས། ཁྱོད་ཀྱིས་ཁོང་འཚོལ་ན། རྙེད་པར་འགྱུར་རོ། ངེས་མེད་དུ་ཁྱོད་ཀྱིས་ཁོང་སྤོང་ན། ཁོང་གིས་ཁྱོད་དུས་རྒྱུན་གྱི་ཕྱིར་དུ་འདོར་བར་འགྱུར་བས། ༡༠ ད་ཟོན་གྱིས་ཤིག གཙང་ཁང་གི་ཕྱིར་ཕོ་བྲང་ཞིག་བཞེང་བར། ཡ་ཧོ་ཝཱས་ཁྱོད་འདམས་པ་ཡིན་ཏེ། སྙིང་སྟོབས་སྐྱེད་ལ། དེའི་མཁར་ལས་གྱིས་ཤིག་ཅེས་གདམས་ནས།
༡༡ དཱ་བིད་ཀྱིས་སྲས་ཤ་ལོ་མོ་ལ་སྒོ་འབྱོར་དང་། ནང་མིག་སོ་སོ་དང་། བང་མཛོད་དང་། སྟེང་ཁང་དང་། ནང་མིག་ཁུལ་མ་རྣམས་དང་། ཐུགས་རྗེའི་བཞུགས་གནས་ཀྱི་ཞིང་བཀོད་ཅིག་བྱིན་ཏོ། ༡༢ དེ་མ་ཟད་པར། ཁོང་གི་ཐུགས་ལ་ཡོད་པའི་དཔེ་བྱད་ཐམས་ཅད་ནི་འདི་ལྟ་སྟེ། ཡ་ཧོ་ཝཱའི་ཕོ་བྲང་གི་སྡེ་ཡངས་དང་། མཐའ་འཁོར་གྱི་ནང་ཆུང་རྣམས་དང་། དཀོན་མཆོག་གི་གཞལ་ཡས་ཁང་གི་དཀོར་མཛོད་སོ་སོ་དང་། བསྔོས་པའི་དངོས་པོ་རྣམས་ཀྱི་གཏེར་མཛོད་དང་། ༡༣ བླ་མ་དང་ལེ་ཝི་པ་རྣམས་ཀྱི་རེས་བྱེད་ཚུལ་དང་། ཡ་ཧོ་ཝཱའི་ཕོ་བྲང་ལ་རིམ་གྲོ་བྱེད་པའི་ལས་ཚིར་ཐམས་ཅད་དང་། ཡ་ཧོ་ཝཱའི་ཕོ་བྲང་གི་མཆོད་རྫས་ཚང་མ་དང་། ༡༤ རིམ་གྲོའི་རིགས་མཐའ་དག་གི་མཆོད་རྫས་ཚང་མའི་ཕྱིར་དུ། གསེར་གྱི་ཡོ་བྱད་ལ་གསེར་གྱི་སྐར་ཚད་དང་། རིམ་གྲོའི་རིགས་ཐམས་ཅད་ཀྱི་མཆོད་རྫས་ཚང་མའི་ཕྱིར་དུ། དངུལ་གྱི་ཡོ་བྱད་སོ་སོ་ལ་དངུལ་གྱི་སྐར་ཚད་དང་། ༡༥ གསེར་གྱི་རྐྱོང་སྟེགས་རྣམས་དང་། དེ་དག་གི་གསེར་གྱི་མཆོད་རྐྱོང་རྣམས་ཀྱི་ཕྱིར་དུ། རྐྱོང་སྟེགས་རེ་རེ་དང་མཆོད་རྐྱོང་རེ་རེའི་སྐར་ཚད་དང་། དངུལ་གྱི་རྐྱོང་སྟེགས་དང་། དེ་དག་གི་མཆོད་རྐྱོང་རྣམས་ཀྱི་ཕྱིར་དུ། རྐྱོང་སྟེགས་རེ་རེ་དང་མཆོད་རྐྱོང་རེ་རེའི་སྐར་ཚད་དང་། ༡༦ སྤྱན་གཟིགས་ཀྱི་བག་ལེབ་ཀྱི་གསོལ་ལྕོག་རྣམས་ཀྱི་ལྕོག་ཙེ་རེ་རེའི་ཕྱིར་དུ་གསེར་གྱི་སྐར་ཚད་དང་། དངུལ་གྱི་གསོལ་ལྕོག་རྣམས་ཀྱི་ཕྱིར་དངུལ་གྱི་སྐར་ཚད་དང་། ༡༧ གསེར་ལྷད་མེད་ཀྱི་ཤ་འཛིན་དང་། མཆོད་ཞལ་དང་། གཏིང་རྣམས་ཀྱི་ཕྱིར་གསེར་གྱི་སྐར་ཚད་དང་། དངུལ་གྱི་ཏིང་རེ་རེའི་ཕྱིར་དངུལ་གྱི་སྐར་ཚད་དང་། ༡༨ གསེར་ལྷད་མེད་ཀྱི་བདུག་སྤོས་ཀྱི་མཆོད་སྟེགས་ཀྱི་ཕྱིར་གསེར་གྱི་སྐར་ཚད་དང་། ཤོག་པ་བརྒྱང་ཞིང་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་འགེབས་པའི་གསེར་གྱི་ཀེ་རུབ་གཉིས་ཀྱི་དཔེ་ཞིག་བྱིན་པ་ཡིན། ༡༩ ཡང་དཱ་བིད་ཀྱིས་འདི་སྐད་དུ། འདི་ཐམས་ཅད་ལ་རྟེན་ཏེ། ཡ་ཧོ་ཝཱས་ཁོང་ཉིད་ཀྱི་ཕྱག་གིས་དཔེ་འདི་ཐམས་ཅད་བྲིས་ནས། ང་ལ་ཧ་གོ་བཅུག་པར་མཛད་དོ། གསུངས་ནས།
༢༠ དཱ་བིད་ཀྱིས་རང་གི་སྲས་ཤ་ལོ་མོ་ལ། ཁྱོད་བརྟན་ཅིང་སྙིང་སྟོབས་སྐྱེད་ཅིག དེ་སྒྲུབ་པར་བྱོས། མ་འཇིགས་ཤིག སེམས་འཕམ་པར་མ་གྱུར་ཅིག ངའི་དཀོན་མཆོག ཡ་ཧོ་ཝཱ་དཀོན་མཆོག་ཁྱོད་དང་སྡེབས་པས་ན། ཁྱོད་ཀྱིས་ཡ་ཧོ་ཝཱའི་ཕོ་བྲང་དེའི་ཞབས་ཏོག་གི་ལས་ཚང་མ་མ་སྒྲུབ་པའི་བར་དུ། ཁོང་ཁྱོད་ལས་འབྲལ་བར་ཡང་མི་འགྱུར། སྤོང་བར་ཡང་མི་མཛད་དོ། ༢༡ ཡང་ལྟོས་དང་། བླ་མ་དང་ལེ་ཝི་པས་རེས་མོས་ཀྱིས་དཀོན་མཆོག་གི་ཕོ་བྲང་གི་ཞབས་ཏོག་ཚང་མ་བྱེད་པའི་ཕྱིར། དེ་དག་ཁྱོད་ཀྱི་དྲུང་ན་ཡོད། ཡང་བཟོའི་ལས་རིགས་ཀུན་གྱི་ཕྱིར་དང་། ཞབས་ཏོག་གི་ལས་གང་རུང་དུ། གོམས་པའི་མི་མཁས་པ་རྣམས་ཁྱོད་ཀྱི་དྲུང་ན་ཡོད། དེ་མ་ཟད་པར། སྐུ་དྲག་དང་མི་སྡེ་ཡོད་དོ་ཅོག་ཀྱང་ཁྱོད་ཀྱི་བཀའ་བཞིན་བྱེད་པར་འགྱུར་རོ། ཅེས་གདམས་སོ༎