རྒྱལ་རབས་ཀྱི་མདོ་གཉིས་པ།
༡
ཨ་ཧབ་ཚེ་ལས་འདས་པའི་རྗེས་སུ། མོ་ཨབ་པས་ཨིས་ར་ཨེལ་ལ་ངོ་ལོག་བྱས་སོ། ༢ ཨ་ཧས་ཡཱ་ནི་ས་མར་ཡཱ་རུ་ཡོད་པའི་སྟེང་ཁང་གི་ལྕགས་དྲའི་དཀར་ཁུང་ཞིག་ལས་གྲིལ་ནས། ན་བར་གྱུར་པ་དང་། ཨེག་རོན་གྱི་ལྷ་བ་ཨཱལ་ཟེ་བུལ་ལས། བདག་ནད་འདི་ལས་འགྲོལ་བར་འགྱུར་རམ་མི་འགྱུར། ཞུ་རུ་སོང་ཞིག་སྨྲས་ནས། བང་ཆེན་མངགས་སོ། ༣ དེར་ཡ་ཧོ་ཝཱའི་ཕོ་ཉས་ཏིས་བི་པ་ཨེ་ལི་ཡཱ་ལ་གསུངས་པ། ལོངས་ལ། ས་མར་ཡཱའི་རྒྱལ་པོའི་བང་ཆེན་དང་འཕྲད་དུ་སོང་ནས། དེ་དག་ལ། ཁྱོད་རྣམས་ཨེག་རོན་གྱི་ལྷ་བ་ཨཱལ་ཟེ་བུལ་ལས་བརྟག་པ་ཞུ་བར་ཕྱིན་པ་དེ་ཅི་ཡིན། ཨིས་ར་ཨེལ་ལ་དཀོན་མཆོག་གང་ཡང་མེད་དམ། ༤ དེའི་ཕྱིར་ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་འཛེགས་ཡོད་པའི་མལ་ཁྲི་ལས་མི་དབབ་ཀྱིས། ངེས་པར་འཆི་བར་འགྱུར་རོ། ཞེས་སྨྲས་ནས། ཨེ་ལི་ཡཱ་བཞུད་དོ༎༥ བང་ཆེན་རྣམས་ལོག་འོང་བས། དེས་དེ་དག་ལ། ཁྱོད་ཚོ་ཕྱིར་ལོག་འོང་བ་དེ་ཅི་ཡིན། ཞེས་པའི་ལན་དུ་དེ་དག་གིས། ༦ བདག་ཅག་ལ་མི་ཞིག་བསུར་བྱུང་ནས། ཁྱོད་ཚོ་བཏང་བའི་རྒྱལ་པོའི་དྲུང་དུ་ཕྱིར་ལོག་སོང་ནས་དེ་ལ། ཡ་ཧོ་ཝཱས་འདི་སྐད་གསུང་། ཁྱོད་ཚོ་ཨེག་རོན་གྱི་ལྷ་བ་ཨཱལ་ཟེ་བུལ་ལས་བརྟག་པ་ཞུ་རུ་འགྲོ་བ་དེ་ཅི་ཡིན། ཨིས་ར་ཨེལ་ལ་དཀོན་མཆོག་གང་ཡང་མེད་དམ། དེའི་ཕྱིར་ཁྱོད་འཛེགས་ཡོད་པའི་མལ་ཁྲི་ལས་མར་འབབ་པར་མི་འགྱུར་བར། ཡང་དག་པར་འཆི་བར་འགྱུར་རོ། ཞེས་སྨྲས་བྱུང་ཞུས་ནས། ༧ དེས་དེ་དག་ལ། ཁྱོད་ཚོ་ལ་བསུར་བྱུང་ནས་གཏམ་བྱས་པའི་མི་དེའི་བྱད་ཅི་འདྲ་འདུག ཞེས་དྲིས་པའི་ལན་དུ་དེ་དག་གིས། ༨ དེ་ནི་རལ་པ་ཅན་ཀོ་བའི་སྐ་རགས་བཅིངས་པ་ཞིག་འདུག་གོ་ཞེས་ཞུས་པས། དེས། དེ་ནི་ཏིས་བི་པ་ཨེ་ལི་ཡཱ་ཡིན། སྨྲས་ཏེ།
༩ རྒྱལ་པོས་ལྔ་བཅུ་དཔོན་ཞིག་དེའི་མི་ལྔ་བཅུ་དང་བཅས་སུ་བརྫངས་ནས། ཁོང་གང་ན་བར་ཕྱིན་པ་དང་། ལྟོས་ཤིག ཁོང་ནི་རི་ཞིག་གི་རྩེ་ན་བཞུགས་ཡོད་དོ། དེས་ཁོང་ལ། ཀྱེ་དཀོན་མཆོག་གི་སྐྱེས་བུ། རྒྱལ་པོས་ཁྱོད་ལ་བབས་ཤོག་སྒོའོ། ཞེས་ཞུས་པ་ལས། ༡༠ ཨེ་ལི་ཡཱས་ལྔ་བཅུ་དཔོན་ལ། ང་ནི་དཀོན་མཆོག་གི་སྐྱེས་བུ་ལགས་པར་ངེས་ན། ནམ་མཁའ་ལས་མེ་བབས་ནས། ཁྱོད་དང་ཁྱོད་ཀྱི་དམག་མི་ལྔ་བཅུ་མེས་འཇིག་པར་གྱུར་ཅིག ཅེས་གསུངས་པ་དང་། ནམ་མཁའ་ནས་མེ་བབས་ཏེ། དེ་དང་དེའི་དམག་མི་ལྔ་བཅུ་དེ་བསྲེགས་སོ༎
༡༡ དེས་གཞན་ལྔ་བཅུ་དཔོན་ཞིག་དེའི་མི་ལྔ་བཅུ་དང་བཅས་སུ་མངགས་ནས། དེས་ཁོང་ལ། ཀྱེ་དཀོན་མཆོག་གི་སྐྱེས་བུ། རྒྱལ་པོས་ཁྱེད་ལ། མྱུར་དུ་བབས་ཤོག་སྒོའོ། ཞེས་སྨྲས་པ་ལས། ༡༢ ཨེ་ལི་ཡཱས་དེའི་ལན་དུ། ང་ནི་དཀོན་མཆོག་གི་སྐྱེས་བུ་ལགས་པར་ངེས་ན། ནམ་མཁའ་ལས་མེ་བབས་ནས། ཁྱོད་དང་ཁྱོད་ཀྱི་དམག་མི་ལྔ་བཅུ་མེས་འཇིག་པར་འགྱུར་ཅིག ཅེས་གསུངས་པ་དང་། དཀོན་མཆོག་གི་མེ་ནམ་མཁའ་ནས་བབས་ཏེ། དེ་དང་དེའི་དམག་མི་ལྔ་བཅུ་དེ་བསྲེགས་སོ༎
༡༣ ཡང་སྐྱར་དེས་ལྔ་བཅུ་དཔོན་གསུམ་པ་ཞིག་དེ་རང་གི་དམག་མི་ལྔ་བཅུ་དང་བཅས་སུ་བཏང་བ་དང་། ལྔ་བཅུ་དཔོན་གསུམ་པ་དེ་ཡར་འཛེགས་ནས། ཨེ་ལི་ཡཱ་ཡི་མདུན་དུ་པུས་མོ་བཙུགས་ནས། ཞུས་པ། ཀྱེ་དཀོན་མཆོག་གི་སྐྱེས་བུ་ལགས། བདག་གི་སྲོག་དང་། ཁྱེད་ཀྱི་བྲན་གཡོག་ལྔ་བཅུ་འདི་རྣམས་ཀྱི་སྲོག་ནི་ཁྱེད་ཀྱི་སྤྱན་སྔར་རིན་ཅན་བརྩིས་ཤིག ༡༤ གཟིགས་ཤིག ནམ་མཁའ་ལས་མེ་བབས་ནས། འདིའི་སྔོན་དུ་འོངས་པའི་ལྔ་བཅུ་དཔོན་གཉིས་པོ་དེ་དག་གི་མི་ལྔ་བཅུ་ལྔ་བཅུ་དང་བཅས་སུ་བསྲེགས་པས། ད་བདག་གི་སྲོག་དེ་ཁྱེད་ཀྱི་སྤྱན་སྔར་རིན་ཅན་རྩི་བར་མཛོད་ཅིག ཅེས་གསོལ་པ་དང་། ༡༥ ཡ་ཧོ་ཝཱའི་ཕོ་ཉས་ཨེ་ལི་ཡཱ་ལ། ཁོ་དང་མཉམ་དུ་མར་སོང་དང་། དེ་ལ་མ་འཇིགས་ཤིག ཅེས་བསྒོ་བས། ཁོང་བཞེངས་ནས་བབས་ཏེ། དེ་དང་མཉམ་དུ་རྒྱལ་པོའི་དྲུང་དུ་ཕྱིན་ཏེ། ༡༦ རྒྱལ་པོ་ལ། ཡ་ཧོ་ཝཱས་འདི་སྐད་དུ། ཁྱོད་ཀྱིས་ཨེག་རོན་གྱི་ལྷ་བ་ཨཱལ་ཟེ་བུལ་ལས་བརྟག་པ་ཞུ་བར་བང་ཆེན་མངགས་པ་དེ་ཅི་ཡིན། ཐུགས་བརྟག་ཞུ་རྒྱུར་ཨིས་ར་ཨེལ་ལ་དཀོན་མཆོག་གང་ཡང་མེད་དམ། དེའི་ཕྱིར་ཁྱོད་འཛེགས་ཡོད་པའི་མལ་ཁྲི་ལས་མར་འབབ་པར་མི་འགྱུར་གྱིས། ངེས་པར་འཆི་བར་འགྱུར་གསུང་ངོ་། ཞེས་སྨྲས་སོ༎
༡༧ དེ་ནས་དེ་ནི་ཨེ་ལི་ཡཱས་སྦྲན་པའི་དཀོན་མཆོག་གི་བཀའ་བཞིན་དུ་ཤི་སྟེ། སྲས་མེད་པ་དང་། ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱི་སྲས་ཡོ་རམ་གྱིས་སྲིད་བྱེད་པའི་ལོ་གཉིས་པར། ཨ་ཧས་ཡཱ་ཡི་ཚབ་ཏུ་དེའི་ནུ་བོ་ཡོ་རམ་རྒྱལ་པོར་གྱུར་ཏོ། ༡༨ ཨ་ཧས་ཡཱ་ཡི་གཞན་བྱ་བ་རྣམས་ནི། ཨིས་ར་ཨེལ་གྱི་རྒྱལ་པོ་རྣམས་ཀྱི་རྒྱལ་རབས་ཀྱི་མདོའི་ནང་དུ་བྲིས་སོ༎