༢༢
དེ་ནས་ཨ་རམ་པ་དང་ཨིས་ར་ཨེལ་པ་གཉིས་ཀྱི་བར་ལ་ལོ་གསུམ་དམག་མེད་པར་གནས་པ་དང་། ༢ ལོ་གསུམ་ངོར་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་བྱ་བ་ཨིས་ར་ཨེལ་གྱི་རྒྱལ་པོའི་དྲུང་དུ་ཕྱིན་ཏོ། ༣ དེར་ཨིས་ར་ཨེལ་གྱི་རྒྱལ་པོས་རང་གི་འཁོར་གཡོག་རྣམས་ལ། རཱ་མོད་གིལ་ཨད་ནི་འོ་སྐོལ་གྱི་ཡིན་པར་ཁྱོད་ཚོ་ལ་ཆ་ཡོད་དེ། ད་ཨ་རམ་རྒྱལ་པོའི་ལག་ནས་ཕྱིར་མི་བླང་བར་ཁ་རོག་སྡོད་དུ་རུང་ངམ། ཞེས་སྨྲས་ནས། ༤ ཡེ་ཧོ་ཤ་ཕད་ལ། ཁྱེད་ང་དང་མཉམ་དུ་རཱ་མོད་གིལ་ཨད་ལ་དམག་རྒྱབ་ཏུ་འགྲོའམ། ཞེས་སྨྲས་པས། ཡེ་ཧོ་ཤ་ཕད་ཀྱིས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ། ཁྱེད་དང་འདྲ་བ་བདག་ཀྱང་ཡིན། ཁྱེད་ཀྱི་འབངས་དང་འདྲ་བ་ངའི་འབངས་ཀྱང་ཡིན། ཁྱེད་ཀྱི་རྟ་དང་འདྲ་བ་ངའི་རྟ་ཡང་ཡིན། ཞེས་སྨྲས་ནས།༥ ཡེ་ཧོ་ཤ་ཕད་ཀྱིས་ཨིས་ར་ཨེལ་གྱི་རྒྱལ་པོ་ལ། དེ་རིང་ཡ་ཧོ་ཝཱ་ལས་བརྟག་པ་ཞུས་ཤིག ཅེས་བསྐུལ་བས། ༦ ཨིས་ར་ཨེལ་གྱི་རྒྱལ་པོས་མི་བཞི་བརྒྱ་ཙམ་གྱི་ལུང་སྟོན་པ་བསྡུས་ནས། དེ་རྣམས་ལ། བདག་རཱ་མོད་གིལ་ཨད་ལ་འཐབ་ཏུ་འགྲོ་ན་འཕྲོད་དམ་མི་འཕྲོད། ཅེས་འདྲིས་པ་ལས། དེ་རྣམས་ཀྱིས། གཙོ་བོས་དེ་ནི་རྒྱལ་པོའི་ཕྱག་ཏུ་གནང་འོང་བས། དམག་ཐེགས་པར་མཛོད་ཅིག ཅེས་ལན་དུ་སྨྲས་སོ། ༧ དེ་ནས་ཡེ་ཧོ་ཤ་ཕད་ཀྱིས། ངེད་ཀྱིས་བརྟག་པ་ཞུ་རྒྱུར་འདི་རྣམས་མ་གཏོགས་པར། གཞན་ཡ་ཧོ་ཝཱའི་ལུང་སྟོན་པ་གང་ཡང་མེད་དམ། བྱས་པས། ༨ ཨིས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ། ད་དུང་ངེད་ཀྱིས་ཡ་ཧོ་ཝཱ་ལས་བརྟག་པ་ཞུ་བ་ལ་ཨིམ་ལཱ་ཡི་བུ་མི་ཁ་ཡཱ་བྱ་བའི་མི་ཞིག་ཡོད་ཀྱང་། དེས་ང་ལ་ལུང་བསྟན་ངན་པ་མིན་པར་བཟང་པོ་གང་ཡང་མི་སྟོན་པས། ངས་དེ་ལ་སྡང་ངོ་། བྱས་པ་དང་། ཡེ་ཧོ་ཤ་ཕད་ཀྱིས། རྒྱལ་པོས་འདི་འདྲ་གསུང་བར་མ་མཛད། ཅེས་ལན་དུ་སྨྲས་པ་ལས། ༩ ཨིས་ར་ཨེལ་གྱི་རྒྱལ་པོས་ཉུག་རུམ་ཞིག་བོས་ནས། ཨིམ་ལཱའི་བུ་མི་ཁ་ཡཱ་མྱུར་དུ་ཁྲིད་ཤོག ཅེས་བསྒོའོ། ༡༠ དེའི་དུས་སུ་ཨིས་ར་ཨེལ་གྱི་རྒྱལ་པོ་དང་ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་གཉིས་རེ་རང་གི་ཁྲིར་འཁོད་ཅིང་། རྒྱལ་པོའི་ལུགས་ཀྱི་གོས་གྱོན་ནས། ས་མར་ཡཱའི་རྒྱ་སྒོའི་མདུན་དུ་ས་སྟོང་ལ་བསྡད་དེ། དེ་དག་གི་མདུན་དུ་ལུང་སྟོན་པ་རྣམས་ཀྱིས་ལུང་སྟོན་གྱིན་ཡོད་པ་ཡིན། ༡༡ དེར་ཀེ་ན་ནཱ་ཡི་བུ་ཚེ་དེག་ཡཱས་རང་ལ་ལྕགས་ཀྱི་རྭ་ཅོ་བཟོས་ནས་འདི་ན་རེ། འདི་དག་དང་བཅས་སུ་ཁྱེད་ཀྱིས་ཨ་རམ་པ་རྣམས་ཚར་མ་བཅད་པའི་བར་དུ་རྡུང་བར་འགྱུར་རོ། ཞེས་ཡ་ཧོ་ཝཱས་གསུང་ངོ་། བྱས་ནས་ལུང་བསྟན་ཏོ། ༡༢ ལུང་སྟོན་པ་ཐམས་ཅད་ཀྱིས་ཀྱང་། ཡ་ཧོ་ཝཱས་རཱ་མོད་གིལ་ཨད་ཁྱེད་ཀྱི་ཕྱག་ཏུ་གནང་བས། དེར་དམག་ཐེགས་ཤིག་དང་། མགོ་ཆོད་པར་འགྱུར་རོ། ཞེས་པའི་ལུང་བསྟན་ཏོ༎
༡༣ ཡང་མི་ཁ་ཡཱ་འབོད་དུ་སོང་བའི་བང་ཆེན་གྱིས་དེ་ལ། ད་ལྟོས་ཤིག ལུང་སྟོན་པ་ཐམས་ཅད་ཁ་མཐུན་ཅིང་རྒྱལ་པོ་ལ་ལུང་བསྟན་བཟང་པོ་སྟོན་པས་ན། ཁྱེད་ཀྱིས་ཀྱང་དེ་དག་དང་འདྲ་བར་གསུང་ཞིང་། བཟང་པོ་ཡིན་པ་དེ་གསུང་ཞིག ཅེས་ཞུས་ཀྱིས། ༡༤ མི་ཁ་ཡཱས། ཡ་ཧོ་ཝཱས་བསྣམས་ཤིག ཡ་ཧོ་ཝཱས་གང་གསུང་བ་དེ་ངས་འཆད་པར་ཡང་བྱའོ། ཞེས་ལན་དུ་སྨྲས་སོ། ༡༥ དེ་ནས་རྒྱལ་པོའི་དྲུང་དུ་ཕྱིན་པ་དང་། རྒྱལ་པོས་མི་ཁ་ཡཱ་ལ། ངེད་རྣམས་རཱ་མོད་གིལ་ཨད་ལ་དམག་འདེགས་པར་འཕྲོད་དམ་མི་འཕྲོད། ཅེས་པའི་དྲིས་ལན་དུ་དེས། ཡ་ཧོ་ཝཱས་དེ་ནི་རྒྱལ་པོའི་ལག་ཏུ་གནང་འོང་བས། དམག་ཐེགས་ཤིག་དང་། མགོ་ཡང་ཆོད་པར་འགྱུར་རོ་བྱས་པས། ༡༦ རྒྱལ་པོས་སླར་ཡང་། ངས་ལན་ཙམ་ཁྱོད་ལ་མནའ་བཀལ་ཏེ། ཁྱོད་ཀྱིས་ཡ་ཧོ་ཝཱའི་མཚན་བརྗོད་དེ། བདེན་པ་མ་གཏོགས་པར་གཞན་ཅིའང་མ་བཤད། ཅེས་ཟེར་བས། ༡༧ དེ་ན་རེ། བདག་གིས་ཨིས་ར་ཨེལ་ཐམས་ཅད་ནི་རྫི་བོ་མེད་པའི་ལུག་ལྟར་མཐོང་བ་དང་། ཡ་ཧོ་ཝཱས། འདི་དག་ལ་བདག་པོ་མེད་པས། དེ་དག་རེ་རང་གི་ཁྱིམ་དུ་ཉེ་ཞོ་མེད་པར་ལོག་ཅིག གསུངས་སོ་ཞེས་སྨྲས་པས། ༡༨ ཨིས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ། འདིས་ང་ལ་ལུང་བསྟན་ངན་པ་མ་གཏོགས་པར། བཟང་པོ་སྟོན་པར་མི་འགྱུར། ངས་མ་བཤད་དམ། ཞེས་སྨྲས་སོ། ༡༩ ཡང་དེས། དེའི་ཕྱིར་ཁྱོད་ཀྱིས་ཡ་ཧོ་ཝཱའི་གསུང་དང་དུ་ལེན། ངས་ནི་ཡ་ཧོ་ཝཱ་ཉིད་ཀྱི་རྒྱལ་ཁྲི་ལ་བཞུགས་པ་དང་། ནམ་མཁའི་དཔུང་ཚོགས་ཡོད་དོ་ཅོག་ནི་ཁོང་གི་གཡས་གཡོན་དུ་འགྲེང་ཞིང་བསྡད་པར་མཐོང་སྟེ། ༢༠ དེར་ཡ་ཧོ་ཝཱས། ཨ་ཧབ་ཀྱིས་རཱ་མོད་གིལ་ཨད་དུ་དམག་བཏེགས་ཏེ། དེར་འགྲོ་བའི་ཕྱིར་སུས་ཁོ་སླུ་བར་བྱ། ཞེས་པའི་ལན་དུ་གཅིག་གིས་འདི་འདྲ་དང་། གཅིག་གིས་དེ་འདྲ་ཞུས་པ་ལས། ༢༡ བགེགས་ཤིག་བྱུང་ནས། ཡ་ཧོ་ཝཱའི་དྲུང་དུ་འགྲེང་ཞིང་། ངས་དེའི་མགོ་སླུ་བར་བྱ། ཞེས་ཞུས་པས། ༢༢ ཡ་ཧོ་ཝཱས་དེ་ལ། ཇི་ལྟར་དུ་གསུངས་པས། དེས། བདག་དེར་ཆས་ཏེ། ལུང་སྟོན་པ་ཐམས་ཅད་ཀྱི་ཁའི་ནང་དུ་རྫུན་ཚིག་ལབ་པའི་རྣམ་ཤེས་སུ་འགྱུར་བར་འགྱུར་རོ། ཞེས་ཞུས་པ་དང་། ཁོང་གིས། ཁྱོད་ཀྱིས་དེ་བསླུས་ནས། དེ་ལས་རྒྱལ་བར་ཡང་འགྱུར་བས། ད་སོང་ལ། དེ་བཞིན་དུ་གྱིས་ཤིག ཅེས་པའི་བཀའ་གནང་ངོ་། ༢༣ ད་ལྟོས་ཤིག ཡ་ཧོ་ཝཱས་ཁྱོད་ཀྱི་ལུང་སྟོན་པའི་ཁའི་ནང་དུ་རྫུན་ཚིག་ལབ་པའི་རྣམ་ཤེས་ཤིག་བཅུག་པས། ཡ་ཧོ་ཝཱས་ཁྱོད་ཀྱི་ཆེད་དུ་ལུང་བསྟན་ངན་པ་རང་གནང་ངོ་༎
༢༤ དེར་ཀེ་ན་ནཱའི་བུ་ཚེ་དེག་ཡཱ་་མི་ཁ་ཡཱའི་མདུན་དུ་འོངས་ནས། འགྲམ་ལྕག་ཅིག་བརྒྱབས་ནས་དེ་ལ། ཡ་ཧོ་ཝཱའི་ཐུགས་ཉིད་གང་ལམ་ནས་ང་ལས་ཐོན་ཏེ། ཁྱོད་ལ་གཏམ་བྱས་པ་ཡིན། ཞེས་དྲིས་པ་དང་། ༢༥ མི་ཁ་ཡཱས་དེ་ལ། ལྟོས། ཁྱོད་ནང་ཁུལ་མའི་ནང་དུ་ཡིབ་ཏུ་འགྲོ་བའི་ཞག་ལ་དེ་མཐོང་བར་འགྱུར་རོ། ཞེས་ལན་དུ་སྨྲས་སོ། ༢༦ དེ་ནས་ཨིས་ར་ཨེལ་གྱི་རྒྱལ་པོས། ད་མི་ཁ་ཡཱ་བཟུང་སྟེ། གྲོང་དཔོན་ཨ་མོན་དང་། རྒྱལ་སྲས་ཡོ་ཨས་ཀྱི་དྲུང་དུ་ཁྱེར་ཅིག་དང་། ༢༧ དེ་གཉིས་ལ་རྒྱལ་པོས། ང་ཉེ་ཞོ་མེད་པར་ཕྱིར་ལོག་འཁོར་རིང་དུ། མི་འདི་བཙོན་དུ་བཅུག་སྟེ། སྡུག་བཟན་དང་། སྡུག་ཆུ་སྟེར་ཞིག ཅེས་བསྒོའོ་ཟེར་ཞིག བྱས་པ་དང་། ༢༨ མི་ཁ་ཡཱས་དེ་ལ། ཇི་སྟེ་ཁྱེད་བདེ་བར་ཕྱིར་ལོག་ན། ཡ་ཧོ་ཝཱས་ངའི་ངང་ནས་ཅིའང་མ་གསུངས་པ་ལགས་སོ། སྨྲས་ནས་དེས་ནི། ཀྱེ་མི་རྣམས། ཐམས་ཅད་ཀྱིས་ཉོན་ཅིག ཅེས་བསྒོའོ༎
༢༩ དེའི་འོག་ཏུ་ཨིས་ར་ཨེལ་གྱི་རྒྱལ་པོ་དང་། ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་གཉིས་ཀྱིས་རཱ་མོད་གིལ་ཨད་ལ་དམག་བཏེགས་པ་ལས། ༣༠ ཨིས་ར་ཨེལ་གྱི་རྒྱལ་པོས་ཡེ་ཧོ་ཤ་ཕད་ལ། ངས་རང་གི་ཆས་བསྒྱུར་ཏེ། དམག་ལ་འགྲོའི། ཁྱོད་ཀྱིས་རང་གི་གོས་གྱོན་ནས་སྡོད་ཅིག བྱས་ཏེ། ཨིས་ར་ཨེལ་གྱི་རྒྱལ་པོས་ལུས་བསྒྱུར་ནས། འཐབ་མོར་ཕེབས་སོ། ༣༡ དེ་ནས་ཨ་རམ་གྱི་རྒྱལ་པོས་ཤིང་རྟ་རྣམས་ཀྱི་འགོ་བྱེད་དམག་དཔོན་སུམ་ཅུ་སོ་གཉིས་ལ། ཨིས་ར་ཨེལ་གྱི་རྒྱལ་པོ་གཅིག་འབའ་ཞིག་མ་གཏོགས་པར། གཞན་ཆེ་ཆུང་གང་ལ་ཡང་མ་རྒོལ་ཞིག ཅེས་བསྒོ་བས། ༣༢ ཤིང་རྟའི་འགོ་བྱེད་རྣམས་ཀྱིས་ཡེ་ཧོ་ཤ་ཕད་མཐོང་ནས། འདི་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་རང་ཡིན། སྨྲས་ནས། དེ་ལ་རྒོལ་དུ་ལོག་པ་དང་། ཡེ་ཧོ་ཤ་ཕད་ཀྱིས་སྨྲེ་སྔགས་བཏོན་པས། ༣༣ ཤིང་རྟའི་འགོ་བྱེད་རྣམས་ཀྱིས། དེ་ནི་ཨིས་ར་ཨེལ་གྱི་རྒྱལ་པོ་མིན་པར་ཤེས་ནས། དེ་ལ་བདའ་བའི་འཕྲོ་བཅད་དོ། ༣༤ དེར་མི་ཞིག་གིས་མ་ཟིར་བར་མདའ་བརྒྱབས་པ་དང་། ཨིས་ར་ཨེལ་གྱི་རྒྱལ་པོའི་གོ་ཁྲབ་ཀྱི་འཐུད་མཚམས་ཀྱི་སྲུབས་ཀྱི་ནང་དུ་ཕོག་ནས། དེས་རང་གི་ཤིང་རྟའི་དེད་དཔོན་ལ། ང་སྣད་པར་གྱུར་བས། ཁྱོད་ཀྱིས་སྲབ་བསྒྱུར་ནས། ང་དམག་ཁྲོད་ལས་ཕྱི་རོལ་དུ་ཁྱེར་ཞིག་ཅེས་བསྒོའོ། ༣༥ ཉིན་མོ་དེ་ལ་དམག་འཐབ་དྲག་པོར་སོང་སྟེ། རྒྱལ་པོ་ཨ་རམ་པའི་ཐད་དུ་རང་གི་ཤིང་རྟའི་ནང་དུ་བསྡད་དེ། དགོངས་མོའི་དུས་སུ་ཚེ་ལས་འདས་ནས། རྨ་དེ་ལས་ཤིང་རྟའི་མཐིལ་དུ་ཁྲག་འཛགས་སོ། ༣༦ ཉི་མ་ནུབ་པའི་དུས་ལ། མི་ཐམས་ཅད་རེ་རང་གི་ཁྱིམ་དང་། རེ་རང་གི་ཡུལ་དུ་ལོག་ཅིག ཅེས་པའི་སྐད་བརྒྱབས་སོ༎
༣༧ དེ་ལྟར་རྒྱལ་པོ་ཚེ་འདས་ནས། ས་མར་ཡཱ་རུ་ཁྱེར་ཏེ། དེ་དག་གིས་ཁོང་ས་མར་ཡཱ་རུ་བསྐུངས་སོ། ༣༨ ཤིང་རྟ་དེ་ས་མར་ཡཱའི་ཁྲོན་པར་བཀྲུས་ནས། ཡ་ཧོ་ཝཱས་གསུངས་པ་ལྟར། ཁྱི་རྣམས་ཀྱིས་དེའི་ཁྲག་ལྡགས་ཏེ། སྨད་ཚོང་མ་རྣམས་ཀྱིས་དེའི་གོ་ཁྲབ་བཀྲུས་སོ། ༣༩ ཨ་ཧབ་ཀྱི་གཞན་བྱ་བ་རྣམས་དང་། དེས་ཅི་བྱས་པ་ཐམས་ཅད་དང་། བ་སོ་ལས་བཞེངས་པའི་ཁྱིམ་དང་། དེས་བརྩིགས་པའི་གྲོང་ཁྱེར་ཐམས་ཅད་ཀྱི་སྐོར་ནི་ཨིས་ར་ཨེལ་གྱི་རྒྱལ་རབས་ཀྱི་མདོའི་ནང་ན་བྲིས་སོ། ༤༠ དེ་ནས་ཨ་ཧབ་རང་གི་ཕ་མེས་རྣམས་དང་ལྷན་ཅིག་ཏུ་ཉལ་བ་དང་། དེའི་སྲས་ཨ་ཧས་ཡཱས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་༎
༤༡ ཨིས་ར་ཨེལ་གྱི་རྒྱལ་པོ་ཨ་ཧབ་ཀྱིས་སྲིད་བྱེད་པའི་ལོ་བཞི་པར། ཨ་སཱ་ཡི་སྲས་ཡེ་ཧོ་ཤ་ཕད་ཀྱིས་ཡ་ཧུ་དཱའི་རྒྱལ་སྲིད་བཟུང་ངོ་། ༤༢ ཡེ་ཧོ་ཤ་ཕད་ཀྱིས་རྒྱལ་སྲིད་བཟུང་དུས་སུ། ལོ་སོ་ལྔ་ལོན་ཡོད་དེ། དེས་ཡེ་རུ་ཤ་ལེམ་དུ་ལོ་ཉེར་ལྔ་སྲིད་བྱས་སོ། དེའི་ཡུམ་གྱི་མིང་དུ་ཨ་ཟུ་བཱ་བྱ་བ་དེ་ནི་ཤིལ་ཧིའི་སྲས་མོའོ། ༤༣ དེ་ནི་རང་གི་ཡབ་ཨ་སཱ་ཡི་ལམ་ཐམས་ཅད་བཞིན་དུ་འགྲུལ་ཏེ། ཕར་ཚུར་དུ་མ་ནུར་བར། ཡ་ཧོ་ཝཱའི་གཟིགས་ངོར་གང་ལེགས་པ་ཡིན་པ་དང་བསྟུན་ཏེ་སྤྱད་ཀྱང་། མཐོ་གླིང་གི་ལྷ་ཐོ་རྣམས་ནི་མ་བཤིག་པར། མི་རྣམས་ཀྱིས་མཐོ་གླིང་དེ་རྣམས་ཀྱི་རྩར་མཆོད་པ་འབུལ་ཞིང་། བསངས་ཀྱང་བཏང་ངོ་། ༤༤ ཡང་ཡེ་ཧོ་ཤ་ཕད་ཀྱིས་ཨིས་ར་ཨེལ་གྱི་རྒྱལ་པོ་དང་བཟང་མཚམས་བྱས་སོ༎
༤༥ ཡེ་ཧོ་ཤ་ཕད་ཀྱི་བྱ་བ་གཞན་རྣམས་དང་། ཁོང་གིས་དབང་བྱས་པ་དང་། དམག་ཇི་ལྟར་བརྒྱབས་པ་རྣམས། ཡ་ཧུ་དཱའི་རྒྱལ་རབས་ཀྱི་མདོའི་ནང་དུ་བྲིས་སོ། ༤༦ དེའི་ཕ་ཨ་སཱའི་དུས་ནས་ལུས་པའི་སོ་དོམ་པ་རྣམས་ཡུལ་ལས་བསྐྲད་དོ༎
༤༧ ཨེ་དོམ་ཡུལ་དུ་རྒྱལ་པོ་གང་ཡང་མེད་དེ། མཁར་དཔོན་ཞིག་གིས་སྲིད་བསྐྱངས་སོ། ༤༨ ཡེ་ཧོ་ཤ་ཕད་ཀྱིས་ཨོ་ཕིར་ནས་གསེར་འདྲེན་དུ་ཐར་ཤིས་ཀྱི་གྲུ་རེ་བཟོས་ཀྱང་། དེ་རྣམས་དེར་མ་བསླེབ་པར། ཨེ་ཙོན་གེ་བེར་དུ་ཆག་གོ། ༤༩ དེའོ་ཚེ་ཨ་ཧབ་ཀྱི་སྲས་ཨ་ཧས་ཡཱས་ཡེ་ཧོ་ཤ་ཕད་ལ། ཁྱེད་ཀྱི་ཞབས་ཕྱི་དང་མཉམ་དུ་ངའི་བྲན་གཡོག་རེ་ཡང་གྲུ་གཟིངས་ལ་འགྲོ་བར་གནོང་ཞིག ཅེས་ཞུས་ཀྱང་། ཡེ་ཧོ་ཤ་ཕད་ཀྱིས་མ་གནང་ངོ་། ༥༠ དེ་ནས་ཡེ་ཧོ་ཤ་ཕད་རང་གི་ཕ་མེས་དང་ལྷན་ཅིག་ཏུ་ཉལ་ནས། ཡབ་མེས་དཱ་བིད་ཀྱི་གྲོང་ཁྱེར་དུ་རང་གི་ཕ་མེས་རྣམས་ཀྱི་ཁྲོད་དུ་བསྐུངས་ནས། དེའི་བུ་ཡོ་རམ་གྱིས་དེའི་ཚབ་ཏུ་རྒྱལ་སྲིད་བཟུང་ངོ་༎
༥༡ ཡ་ཧུ་དཱའི་རྒྱལ་པོ་ཡེ་ཧོ་ཤ་ཕད་ཀྱིས་རྒྱལ་སྲིད་བྱེད་པའི་ལོ་ངོ་བཅུ་བདུན་པར། ཨ་ཧབ་ཀྱི་བུ་ཨ་ཧས་ཡཱས་ཨིས་ར་ཨེལ་གྱི་རྒྱལ་པོ་བྱས་ནས། ལོ་གཉིས་ཀྱི་བར་དུ་ཨིས་ར་ཨེལ་ལ་རྒྱལ་སྲིད་བྱས་སོ། ༥༢ དེས་ཡ་ཧོ་ཝཱའི་སྤྱན་སྔར་ངན་པ་བྱེད་དེ། རང་གི་ཕའི་ལམ་དང་། མའི་ལམ་དང་། ཨིས་ར་ཨེལ་ལ་སྡིག་པ་སྤྱོད་དུ་བཅུག་པའི་ནེ་བཱད་ཀྱི་བུ་ཡེ་རོབ་ཨམ་གྱི་ལམ་བཞིན་དུ་འགྲུལ་ཏེ། ༥༣ གང་ལྟར་ཞེ་ན། དེའི་ཕས་བྱས་པ་ནང་བཞིན་དུ་བ་ཨཱལ་ལ་བརྟེན་ཅིང་། ཕྱག་ཕུལ་ནས། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཐུགས་ཁྲོ་དཀྲུགས་སོ༎ ༎