ཤ་མུ་ཨེལ་གྱི་མདོ་གཉིས་པ།
༡
ཤ་ཨུལ་གྲོངས་ནས། དཱ་བིད་ནི་ཨ་མ་ལེག་པ་རྣམས་ལ་དམག་བཏང་ནས་ཕྱིར་ལོག་སྐབས་སུ། དཱ་བིད་ཞག་གཉིས་ཙིག་ལག་ཏུ་གནས་སོ། ༢ ཞག་གསུམ་པར་འདི་ལྟར་བྱུང་། ཤ་ཨུལ་གྱི་དམག་སྒར་ནས་མི་ཞིག་གོས་བཤགས་ཏེ། མགོའི་ཁར་ས་གོན་ནས་འོངས་སོ། མི་དེ་དཱ་བིད་ཀྱི་དྲུང་དུ་བསླེབས་པ་ཙམ་གྱིས། མགོ་རྒུས་ཏེ། ཕྱག་བཙལ་ཏོ། ༣ དཱ་བིད་ཀྱིས་དེ་ལ། ཁྱོད་གང་ནས་འོང་ཞེས་དྲིས་པས། མི་དེས། ཨིས་ར་ཨེལ་གྱི་དམག་སྒར་ནས་བདག་ཐར་ཏེ་འོང་ངོ་ཞེས་ཞུས་སོ། ༤ དེ་ནས་དཱ་བིད་ཀྱིས། དེ་རུ་ཅི་བྱུང་བ་ནི་ང་ལ་ཤོད་ཅིག་སྨྲས་པས། མི་དེས། ཡུལ་མི་རྣམས་འཐབ་མོ་ནས་བྲོས་ནས། མི་སྡེའི་ནང་ནས་མི་མང་པོ་གྱེལ་ནས་ཤིའོ། དེ་མ་ཟད། ཤ་ཨུལ་དང་དེའི་སྲས་ཡོ་ན་ཐན་གཉིས་ཀྱང་སྐུ་གཤེགས་པར་གྱུར་ཏོ། ༥ ཞེས་ཞུས་པས་དཱ་བིད་ཀྱིས་གཞོན་ནུ་དེ་ལ། ཁྱོད་ལ་ཤ་ཨུལ་དང་དེའི་སྲས་ཡོ་ན་ཐན་གཉིས་གྲོངས་པའི་ཆ་ཅི་ལྟར་བྱུང་དྲིས་པས། ༦ འཕྲིན་བཤད་པའི་གཞོན་ནུ་དེས། རི་གིལ་བོ་ཨ་རུ་བདག་བློ་བུར་དུ་ཤ་ཨུལ་དང་ཕྲད་པ་དང་། ཀྱེ་ཧོ། ཤ་ཨུལ་ནི་ཉིད་ཀྱི་མདུང་ལ་བརྟེན་ཅིང་། ཤིང་རྟ་དང་རྟ་པ་རྣམས་ཁོང་གི་རྗེས་སུ་འདེད་པར་མཐོང་ངོ་། ༧ ཡང་ཁོང་གིས་ཕྱི་མིག་གཟིགས་ཏེ། བདག་མཐོང་སྟེ། བདག་ལ་བོས་པས། བདག་གིས་ནི། བཀའ་སྩོལ་ཞིག་ཞུས་པ་ཡིན། ༨ ཁོང་གིས་བདག་ལ། ཁྱོད་སུ་ཡིན་དྲིས་ནས། བདག་གིས་ནི། ང་ཨ་མ་ལེག་པ་ཡིན་ཞེས་ཞུས་པས། ༩ ཁོང་གིས་བདག་ལ། ངའི་གཞོགས་སུ་སྡོད་དང་། ང་གསོད་ཅིག ད་རུང་ཡང་ང་ལ་དབུགས་ཡོད་ཀྱང་། མུན་ནག་དྲག་པོ་ཞིག་གིས་ང་བཟུང་ངོ་། ༡༠ ཞེས་སྨྲས་པས། བདག་ཁོང་གི་གཞོགས་སུ་ལངས་ནས། ཁོང་བསད་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཁོང་གྱེལ་ཚར་བས་མི་འཚོ་བར་བརྟགས་པའི་ཕྱིར་རོ། དེ་ནས་ཁོང་གི་དབུ་ལ་ཡོད་པའི་ཅོད་པན་དང་། ཕྱག་ལ་ཡོད་པའི་གདུབ་བུ་གཉིས་བླངས་ནས། འདི་རུ་བདག་གི་ཇོ་བོའི་དྲུང་དུ་ཁྱེར་ཏེ་འོངས་པ་ཡིན།༡༡ ཞེས་པའི་འཕྲིན་ཐོས་པས། དཱ་བིད་ཀྱིས་ཉིད་ཀྱི་གོས་ལ་འཐམས་ནས་བཤགས་སོ། ཡང་ཁོང་དང་བཅས་པའི་མི་རྣམས་ཀྱིས་དེ་བཞིན་དུ་བྱས་སོ། ༡༢ ཤ་ཨུལ་དང་། དེའི་སྲས་ཡོ་ན་ཐན་དང་། ཡ་ཧོ་ཝཱའི་འབངས་རྣམས་དང་། ཨིས་ར་ཨེལ་གྱི་བརྒྱུད་རལ་གྲིས་བཀུམ་པའི་ཕྱིར། དེ་དག་གིས་མྱ་ངན་བྱས་ཏེ། ངུ་བ་དང་། དགོངས་མོའི་བར་དུ་སྨྱུང་གནས་སུ་བསྡད་དོ། ༡༣ ཡང་དཱ་བིད་ཀྱིས་འཕྲིན་སྐྱེལ་བའི་གཞོན་ནུ་དེ་ལ། ཁྱོད་གང་ནས་འོང་། བཀའ་འདྲི་མཛད་པས། དེས་ནི་བདག་རྒྱལ་ཁམས་པའི་བུ། ཨ་མ་ལེག་པ་ཡིན་ཞུས་པས། ༡༤ དཱ་བིད་ཀྱིས། ཡ་ཧོ་ཝཱས་བྱུགས་པ་ནི་གསོད་དུ་ལག་པ་རྐྱོང་བར། ཁྱོད་ནི་མ་འཇིགས་སམ་དྲིས་པ་དང་། ༡༥ དཱ་བིད་ཀྱིས་གཞོན་ནུ་ཞིག་ལ་བོས་ཏེ། ཁྱོད་མི་དེ་ལ་བཅེར་ཏེ་གསོད་ཅིག་བཀའ་སྩལ་ཏོ། དེས་ཁོ་ལ་བརྡུངས་ནས་ཤིའོ། ༡༦ དེར་དཱ་བིད་ཀྱིས་ཁོ་ལ། ཁྱོད་རང་རང་གི་ཁ་ནས། ངས་ཡ་ཧོ་ཝཱས་བྱུགས་པ་དེ་བསད་པ་ཡིན་ཞེས་དཔང་བྱས་པས། ཁྱོད་ཀྱི་ཁྲག་ཁྱོད་རང་གི་མགོ་ལ་འབབ་པར་ཤོག་ཅིག་སྨྲས་སོ༎
༡༧ ཡང་དཱ་བིད་ཀྱིས་ཤ་ཨུལ་དང་དེའི་སྲས་ཡོ་ན་ཐན་གཉིས་ཀྱི་ཕྱིར་བཤད་པ་བཏང་ནས། མྱ་ངན་བྱས་སོ། ༡༨ གཞུ་མོའི་མགུར་མ་བྱ་བ་དེ་ནི་ཡ་ཧུ་དཱ་པ་རྣམས་ཀྱིས་སློབ་ཏུ་ཁོང་གིས་བསྐུལ་ཏོ། མགུར་མ་དེ་ནི་ཡ་ཤཱ་ཨར་༼བོད་སྐད་དུ་དྲང་བ་ཉིད་༽ཀྱི་གླེགས་བམ་ན་བྲིས་ཡོད་དོ༎
༡༩ ཨིས་ར་ཨེལ་གྱི་གནའ་མོ་དར་མ། ཁྱེད་ཀྱི་མཐོ་རྩེར་བཀྲོངས་ནས་འདུག ཀྱི་ཧུད་དཔའ་བོའི་གྱེལ་ལུགས་ལ།
༢༠ ཕེ་ལེ་ཤེད་པའི་བུ་མོ་རྣམས་ཀྱིས་དགའ་མགུ་མི་བྱེད་པ་དང་། མདུན་ལྤགས་མ་བཅད་མཁན་གྱི་བུ་མོ་རྣམས་ཀྱིས་ལྷ་རྒྱལ་མི་གཏོང་བའི་ཕྱིར། གད་ཡུལ་ལ་མ་བཤད་ཅིག ཨས་ཀ་ལོན་ན་སྐད་མ་རྒྱབ་ཅིག
༢༡ ཀྱེ་གིལ་བོ་ཨ་ཡི་རི་བོ་རྣམས། ཁྱོད་ཀྱི་ཁར་ཟིལ་པ་འབབ་པར་མ་གྱུར་ཅིག ཆར་ཆུ་ཐིགས་པར་མ་གྱུར་ཅིག ཞིང་ལས་མཆོད་བྱ་འཐོན་པར་མ་གྱུར་ཅིག དེ་ཅིའི་ཕྱིར་ཞེ་ན། དེར་མི་དཔའ་བོ་རྣམས་ཀྱི་ཕུབ་ལུགས་མེད་དུ་དབྱུགས་པ་ཡིན། སྣུམ་གྱིས་མ་བྱུགས་པའི་མི་ལྟར་ཤ་ཨུལ་གྱི་ཕུབ་ལ་དེར་བྱུང་བའི་ཕྱིར་རོ༎
༢༢ བསད་པའི་ཁྲག་དང་། དཔའ་བོ་རྣམས་ཀྱི་ཚིལ་གྱི་ནང་ནས། ཡོ་ན་ཐན་གྱི་གཞུ་མོ་ཡང་རྒྱབ་ཏུ་མ་ལོག ཤ་ཨུལ་གྱི་རལ་གྲི་སྟོང་ལོག་ཏུ་ཡང་མ་ལོག
༢༣ ཤུ་ཨུལ་དང་ཡོ་ན་ཐན་གཉིས་ནི། མི་ཚེར་བྱམས་པོ་དང་སྙིང་སྡུག་ཡོད་པ་ལས། གྲོངས་སྐབས་སུ་ཡང་དེ་དག་ཁ་མ་བྲལ་ཏོ། དེ་གཉིས་གོ་བོ་བས་ཀྱང་མགྱོགས་མགྱོགས་དང་། སེང་གེ་བས་ཀྱང་ངར་ངར་ཡོད་པ་ལགས།
༢༤ ཁྱེད་ཨིས་ར་ཨེལ་གྱི་བུ་མོ་རྣམས། ཤ་ཨུལ་གྱི་ཕྱིར་ངུ་བར་བྱོས་ཤིག ཁོང་གིས་ཁྱོད་ཅག་ལ་གོས་དམར་པོ་དང་། ཡིད་དུ་འོང་བའི་ཆས་ཀྱིས་གཡོགས་ཏེ། ཁྱོད་ཅག་གི་གོས་ལ་གསེར་གྱི་རྒྱན་གྱིས་བརྒྱན་པ་ཡིན།
༢༥ ཀྱི་ཧུད། དཔའ་བོ་དེ་དག་གཡུལ་དབུས་ཇི་འདྲ་ལྷུང་། ཀྱེ་ཡོ་ན་ཐན་ཁྱེད་རང་གི་མཐོ་རྩེ་རྣམས་ཀྱི་ནང་ན་བཀྲོངས་ནས་གདའ།
༢༦ ངའི་སྐུ་མཆེད་ཡོ་ན་ཐན། ཁྱེད་ཀྱི་དོན་དུ་ང་ལ་སྡུག་བསྔལ་བྱུང་། ཁྱེད་ལ་ངའི་སེམས་རབ་ཏུ་འཕྲེང་བ་ཡིན། བུད་མེད་ལ་སེམས་གདུང་བ་བས་ལྷག་པར། ཁྱེད་ཀྱི་བརྩེ་གདུང་ང་ལ་ཧ་ལས་ཡོད་པ་ལགས།
༢༧ ཀྱི་ཧུད་མི་དཔའ་བོ་རྣམས་ཇི་འདྲ་ལྷུང་། དམག་གི་དམག་ཆས་རྣམས་ནི་ཇི་འདྲར་ཡལ་ལོ༎