༢
དེའི་འོག་ཏུ་དཱ་བིད་ཀྱིས་ཡ་ཧོ་ཝཱ་ལ། བདག་ནི་ཡ་ཧུ་དཱའི་གྲོང་ཁྱེར་ཞིག་ཏུ་ཡར་འགྲོ་བར་རུང་ངམ་ཞེས་ཞུས་པས། ཡ་ཧོ་ཝཱས་དེ་ལ། ཡར་སོང་ཞིག་གསུང་ནས། དཱ་བིད་ཀྱིས། བདག་གང་དུ་འགྲོ་ཞུས་པ་དང་། ཁོང་གིས། ཧེབ་རོན་དུ་སོང་ཞིག་ཅེས་གསུངས་སོ། ༢ དེའི་ཕྱིར་དཱ་བིད་རང་དང་། དེའི་ཆུང་མ་གཉིས། ཡིས་རེ་ཨེལ་མ་ཨ་ཧི་ནོ་ཨམ་དང་། ཀར་མེལ་པ་ནཱ་བལ་གྱི་ཆུང་མ་ཨ་བི་ཀཱ་ཨིལ་བྱ་བ་དེ་ཚོ་བཅས་ཡར་ཕྱིན་ཏོ། ༣ ཡང་དཱ་བིད་ཀྱིས་རང་གི་དྲུང་དུ་ཡོད་པའི་མི་རྣམས་གཞིས་སྨད་དང་བཅས་སུ་ཡར་ཁྲིད་པ་དང་། དེ་རྣམས་ཀྱང་ཧེབ་རོན་གྱི་གྲོང་ཁྱེར་རྣམས་ན་གཞིས་ཕབ་བོ། ༤ དེ་ནས་ཡ་ཧུ་དཱ་པ་རྣམས་འོངས་ནས། དཱ་བིད་ནི་ཡ་ཧུ་དཱའི་ཁྱིམ་གྱི་རྒྱལ་པོར་བྱུགས་སོ༎དེར་དེ་དག་གིས་དཱ་བིད་ལ། ཤ་ཨུལ་གྱི་སྤུར་དུར་དུ་བཙུད་པ་ནི་ཡ་བེས་གིལ་ཨད་པ་རྣམས་ཡིན་ནོ་ཞེས་བཤད་པས། ༥ དཱ་བིད་ཀྱིས་ཡ་བེས་གིལ་ཨད་པ་རྣམས་ལ་བང་ཆེན་མངགས་ནས་དེ་དག་ལ། ཁྱོད་ཅག་གིས་རང་གི་ཇོ་བོ་ཤ་ཨུལ་ལ་དྲིན་བསྟན་ཅིང་དུར་དུ་བཙུད་པའི་ཕྱིར། ཡ་ཧོ་ཝཱས་ཁྱོད་ཅག་བྱིན་གྱིས་རློབས་པར་ཤོག ༦ ཁྱོད་ཅག་གིས་དེ་ལྟར་བྱས་པས། ད་ལྟ་ཡ་ཧོ་ཝཱས་ཁྱོད་རྣམས་ལ་བཀའ་དྲིན་དང་བདེན་པ་ཉིད་མངོན་པར་མཛད་པ་མ་ཟད་དེ། ངས་ཀྱང་ཁྱོད་རྣམས་ལ་དྲིན་ལན་གཞལ་ལོ། ༧ ད་ལྟ་ཤ་ཨུལ་ཁྱོད་རྣམས་ཀྱི་ཇོ་བོ་གྲོངས་པ་དང་། ཡ་ཧུ་དཱ་ཡི་ཁྱིམ་གྱིས་ང་ནི་རྒྱལ་པོར་བྱུགས་པས། ཁྱོད་རྣམས་ཀྱི་ལག་པ་སྟོབས་ཅན་དང་། སྙིང་སྤོབས་པ་ཅན་དུ་འགྱུར་བར་ཆུག་ཅིག་སྨྲས་སོ༎
༨ དེར་ནེར་གྱི་བུ། ཤ་ཨུལ་གྱི་དམག་དཔུང་གི་དམག་དཔོན་ཨབ་ནེར་གྱིས་ཤ་ཨུལ་གྱི་སྲས་ཨིས་བོ་ཤེད་ཁྲིད་ནས། མ་ཧ་ནཱ་ཨིམ་གྱི་ཕ་རོལ་ཏུ་དྲངས་ནས། ༩ གིལ་ཨད་དང་ཨ་ཤུར་པ་རྣམས་དང་། ཡིས་རེ་ཨེལ་དང་། ཨེབ་ར་ཨིམ་དང་། བེན་ཡ་མིན་དང་། ཨིས་ར་ཨེལ་ཡོངས་ཀྱི་རྒྱལ་པོར་བཅུག་གོ། ༡༠ ཨིས་ར་ཨེལ་གྱི་རྒྱལ་པོར་བཅུག་པའི་དུས་སུ། ཨིས་བོ་ཤེད་ནི་ལོ་བཞི་བཅུ་ལོན་ཡོད་དེ། དེས་ལོ་གཉིས་སྲིད་བྱས་ཀྱང་། ཡ་ཧུ་དཱ་ཡི་བརྒྱུད་ནི་དཱ་བིད་ཀྱི་རྗེས་སུ་འབྲངས་སོ། ༡༡ ཡང་དཱ་བིད་ཀྱིས་ཧེབ་རོན་དུ་ཡ་ཧུ་དཱའི་ཁྱིམ་ལ་སྲིད་བསྐྱངས་པའི་དུས་ནི། ལོ་བདུན་དང་ཟླ་བ་དྲུག་གོ།
༡༢ དེ་ནས་ནེར་གྱི་བུ་ཨབ་ནེར་དང་། ཤ་ཨུལ་གྱི་སྲས་ཨིས་བོ་ཤེད་ཀྱི་བྲན་རྣམས་མ་ཧ་ནཱ་ཨིམ་ནས་འཐོན་ནས། གི་བེ་ཨོན་དུ་ཕྱིན་ཏོ། ༡༣ ཡང་ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་དང་། དཱ་བིད་ཀྱི་བྲན་རྣམས་ཀྱང་འཐོན་ཏེ། གི་བེ་ཨོན་གྱི་རྫིང་བུའི་འགྲམ་དེ་དག་དང་ཕྲད་དེ། གཅིག་རྫིང་བུའི་ཚུར་རོལ་དང་། གཞན་དེ་རྫིང་བུའི་ཕར་རོལ་དུ་བསྡད་དོ། ༡༤ དེར་ཨབ་ནེར་གྱིས་ཡོ་ཨབ་ལ། ད་གཞོན་ནུ་རྣམས་ལངས་ཏེ། ངེད་ཅག་གི་མདུན་དུ་རྩེད་མོ་ཞིག་རྩེ་བར་བཀའ་གནོང་སྨྲས་པ་ལས། ཡོ་ཨབ་ཀྱིས་ལེགས་སོ། དེ་དག་ལྡང་བར་ཆུག་ཅིག་ཟེར་ཏོ། ༡༥ དེ་ནས་ལངས་ནས། བེན་ཡ་མིན་དང་། ཤ་ཨུལ་གྱི་སྲས་ཨིས་བོ་ཤེད་ཀྱི་ཕྱོགས་ལས་མི་བཅུ་གཉིས་དང་། དཱ་བིད་ཀྱི་བྲན་རྣམས་ལས་མི་བཅུ་གཉིས་འཐོན་ཏེ་སོང་ངོ་། ༡༦ དེ་རྣམས་ཀྱིས་རེ་རང་གི་འགྲན་ཟླའི་མགོར་བཟུང་བ་དང་། རང་གི་རལ་གྲི་ནི་འགྲན་ཟླའི་གཞོགས་སུ་བཙུགས་པས། དེ་དག་ཕྱོགས་གཅིག་ཏུ་ས་རུ་གྱེལ་ཏོ། དེའི་ཕྱིར་གི་བེ་ཨོན་ནང་ཡོད་པའི་ས་ཆ་དེ་ལ། ཧེལ་ཀད་ཧ་ཙུ་རིམ་༼བོད་སྐད་དུ། གྲི་རྣོ་བའི་ཞིང་༽ཞེས་བཏགས་སོ། ༡༧ དེའི་ཉིན་པར་དམག་ཤིན་ཏུ་དྲག་པོ་སོང་ནས། ཨབ་ནེར་དང་ཨིས་ར་ཨེལ་པ་རྣམས་དཱ་བིད་ཀྱི་བྲན་རྣམས་ཀྱི་མདུན་དུ་ཕམ་པར་གྱུར་ཏོ། ༡༨ ཡང་ཙེ་རུ་ཡཱ་ཡི་བུ་ཡོ་ཨབ་དང་། ཨ་བི་ཤཱ་ཨི་དང་། ཨ་ས་ཧེལ་གསུམ་དེ་རུ་ཡོད་དེ། ཨ་ས་ཧེལ་ནི་རིའི་ཤ་བ་དང་འདྲ་བར་བང་ཆེ་སྟེ། ༡༩ ཨ་ས་ཧེལ་ནི་ཨབ་ནེར་ལ་འདེད་ཅིང་། ཨབ་ནེར་གྱི་རྗེས་སུ་འདེད་པ་ལས་གཡས་གཡོན་དུ་ཁ་མ་བསྒྱུར་ཏོ། ༢༠ དེར་ཨབ་ནེར་གྱིས་ཕྱི་མིག་བལྟས་པ་དང་། ཁྱོད་ཨ་ས་ཧེལ་ཡིན་ནམ་འདྲིས་པས། དེས་ནི། འོ་ན་ཞེས་ཟེར་ཏོ། ༢༡ ཡང་ཨབ་ནེར་གྱིས་དེ་ལ། ཁྱོད་རང་གི་གཡས་གཡོན་དུ་ཁ་སྒྱུར་ཞིང་། གཞོན་ནུའི་ནང་ནས་གཅིག་འཛིན་ཏེ། དེའི་གོ་ཁྲབ་འཕྲོག་སྟེ་ཁྱེར་ཞིག ཅེས་སྨྲས་ཀྱང་། ཨ་ས་ཧེལ་ཁོའི་ཕྱི་བཞིན་འདེད་པ་ལས་ཁ་སྒྱུར་བར་མ་དགའོ། ༢༢ སླར་ཡང་ཨབ་ནེར་གྱིས་ཨ་ས་ཧེལ་ལ། ཁྱོད་ང་ལ་འདེད་པ་ལས་སྒྱུར་ཅིག ངས་ཁྱོད་ཅིའི་ཕྱིར་ས་རུ་རྡབ་པར་དགོས། དེ་ལྟར་ངས་བྱེད་ན། ཁྱོད་ཀྱི་ཕུ་བོ་ཡོ་ཨབ་ཀྱི་མདུན་དུ་ངས་གདོང་ཇི་ལྟར་སྟོན་པར་བྱ་ཞེས་སྨྲས་ཀྱང་། ༢༣ དེ་ནི་ཕྱོགས་གང་དུ་ཡང་སྒྱུར་མ་ཉན་པ་དང་། ཨབ་ནེར་གྱིས་མདུང་མཇུག་གི་རྩེ་མོ་དེའི་རྩིབ་མ་ལྔ་པའི་མཆན་དུ་བཙུགས་པས། དེའི་རྒྱབ་ནས་མདུང་ཐོན་ཏེ། མལ་དུ་གྱེལ་ཞིང་། གནས་དེ་རང་དུ་ཤིའོ། དེའི་འོག་ཏུ་ཨ་ས་ཧེལ་གྱེལ་ནས་ཤི་བའི་གནས་སུ་མི་གང་ཡང་བསླེབ་པ་ཙམ་གྱིས་འཐེན་ཏེ་ལུས་སོ༎
༢༤ ཡང་ཡོ་ཨབ་དང་ཨ་བི་ཤཱ་ཨི་གཉིས་ཀྱིས་ཨབ་ནེར་ལ་འདེད་ཅིང་། གི་བེ་ཨོན་གྱི་འབྲོག་སྟོང་གི་ལམ་དང་། གི་ཨ་ཡི་མདུན་ལོགས་སུ་ཡོད་པའི་རི་ཨམ་མཱ་རུ་བསླེབས་པ་ཙམ་གྱིས་ཉི་མ་ནུབ་བོ། ༢༥ དེར་བེན་ཡ་མིན་པ་རྣམས་ཨབ་ནེར་གྱི་རྗེས་སུ་ཕྱོགས་གཅིག་ཏུ་འཛོམ་ནས། དཔུང་གཅིག་ཏུ་གྱུར་ནས། རི་ཞིག་གི་མགོ་རུ་བསྡད་དོ། ༢༦ ཡང་ཨབ་ནེར་གྱིས་ཡོ་ཨབ་ལ། དུས་རྒྱུན་དུ་རལ་གྲིས་གསོད་པར་བྱའམ། དེའི་མཐའ་མ་ནི་རོ་ཁ་བར་འགྱུར་པར་མི་ཤེས་སམ། ཁྱེད་ཀྱིས་མི་རྣམས་ལ། རེ་རང་གི་སྤུན་ལ་འདེད་པ་ལས་ལོག་པའི་བཀའ་སྩལ་ནམ་གཏོང་བར་བྱ། ༢༧ ཞེས་འདྲིས་པས། ཡོ་ཨབ་ཀྱིས། གསོན་པོའི་དཀོན་མཆོག་གིས་བསྣམས་ཤིག ཁྱོད་ཀྱིས་དེ་ལྟར་སྨྲས་པ་མ་ཡིན་ན། སང་སྔ་དྲོའི་བར་དུ་མི་རྣམས་རེ་རང་གི་སྤུན་ལ་འདེད་པ་མི་སྤང་། སྨྲས་ནས། ༢༨ ཡོ་ཨབ་ཀྱིས་དུང་ཕུས་པ་དང་། མི་རྣམས་ཕྱིར་འཐེན་བྱས་ཏེ་བསྡད་དོ། ཨིས་ར་ཨེལ་ལ་ལྷག་པར་མ་འདེད་པར། འཐབ་མོ་ཡང་ལྷག་པར་མ་བཏང་ངོ་༎
༢༩ ཡང་ཨབ་ནེར་དང་དེའི་མི་རྣམས་མཚན་གང་ཨ་ར་བཱ་རྒྱུད་དེ་ཕྱིན་པ་དང་། ཡོར་དན་བརྒལ་ནས། བིད་རོན་ཡུལ་ཐམས་ཅད་རྒྱུད་དེ་ཆས་ཏེ། མ་ཧ་ནཱ་ཨིམ་དུ་ཕྱིན་ཏོ༎
༣༠ ཡོ་ཨབ་ནི་ཨབ་ནེར་ལ་འདེད་པ་ལས་ལོག་པ་དང་། མི་ཐམས་ཅད་བསྡུས་སྐབས་སུ། དཱ་བིད་ཀྱི་བྲན་གྱི་ནང་ནས་ཨ་ས་ཧེལ་མ་གཏོགས་པར། མི་བཅུ་དགུ་མ་ཚང་ངོ་། ༣༡ དཱ་བིད་ཀྱི་བྲན་རྣམས་ཀྱིས་བེན་ཡ་མིན་པ་དང་ཨབ་ནེར་གྱི་བྲན་རྣམས་ལས་མི་གསུམ་བརྒྱ་དང་དྲུག་ཅུ་བསད་དོ། ༣༢ དེ་ནས་ཨ་ས་ཧེལ་ཐོགས་ནས། དེའི་ཕ་ཡི་དུར་ཁུང་། བེད་ལེ་ཧེམ་ན་ཡོད་པའི་ནང་དུ་དུར་དུ་བཙུད་དོ། ཡང་ཡོ་ཨབ་དང་དེའི་མི་རྣམས་མཚན་གང་འགྲུལ་ཏེ། ཧེབ་རོན་དུ་བསླེབས་པ་ཙམ་གྱིས་ཉི་མ་ཤར་རོ༎