ཤ་མུ་ཨེལ་གྱི་མདོ་དང་པོ།
༡
ཨེལ་ཀཱ་ནཱ་ཞེས་བྱ་བའི་མི་ཞིག་ཡོད་པ་ཡིན། མི་དེ་ནི་ཨེབ་ར་ཨིམ་གྱི་རིའི་ཡུལ་དང་། ཙུབ་ཀྱི་བརྒྱུད་དང་། རཱ་མཱའི་ཡུལ་ཚོ་ནས་ཡོད་པ་དང་། ཨེལ་ཀཱ་ནཱ་ནི་ཡེ་རོ་ཧམ་གྱི་བུ། དེ་ནི་ཨེ་ལི་ཧུ་ཡི་བུ། དེ་ནི་ཐོ་ཧུ་ཡི་བུ། དེ་ནི་ཨེབ་རད་པ་ཙུབ་ཅེས་བྱ་བ་ཞིག་གི་བུ་ལགས་སོ། ༢ ཨེལ་ཀཱ་ནཱ་ལ་ཆུང་མ་གཉིས་ཡོད་པ་ཡིན། གཅིག་གི་མིང་ཧན་ནཱ། གཞན་མའི་མིང་ཕེན་ནི་ནཱ་ཞེས་ཟེར་རོ། ཕེན་ནི་ནཱ་ལ་ཕྲུ་གུ་ཡོད་པ་དང་། ཧན་ནཱ་ལ་ཕྲུ་གུ་མེད་དོ༎༣ མི་དེ་ནི་ལོ་རེ་བཞིན་ཡུལ་ནས་འཐོན་ཏེ། དཔུང་ཚོགས་ཀྱི་ཡ་ཧོ་ཝཱ་ལ་སྨོན་ལམ་འདེབས་པ་དང་། མཆོད་པ་འབུལ་བའི་ཕྱིར་ཤི་ལོ་ཞེས་བྱ་བའི་གྲོང་ཁྱེར་དུ་འགྲོ་གྱིན་ཡོད་དོ། དེ་རུ་ཨེ་ལི་ཡི་བུ་ཧོབ་ནི་དང་ཕི་ནེ་ཧས་གཉིས་ཀྱིས་ཡ་ཧོ་ཝཱའི་དྲུང་དུ་བླ་མ་བྱས་སོ། ༤ མཆོད་པ་ནམ་འབུལ་བའི་ཚེ་ཨེལ་ཀཱ་ནཱས་རང་གི་ཆུང་མ་ཕེན་ནི་ནཱ་དང་། དེའི་ཕྲུ་གུ་རྣམས་ལ་མཆོད་པར་འབུལ་བའི་སྐལ་བ་བཏད་དེ། ༥ ཧན་ནཱ་ལ་གཉིས་སྐལ་བཏད་དོ། དེ་ཅིའི་ཕྱིར་ཞེ་ན། ཁོས་ཧན་ནཱ་ལ་གཅེས་པར་བཟུང་ངོ་། འོན་ཀྱང་ཡ་ཧོ་ཝཱས་མོ་དེ་ནི་མོ་གཤམ་དུ་བཞག་གོ། ༦ ཡང་དགྲ་དེས་མོ་ལ་རྔན་ཆེན་བྱས་ཤིང་ཚེར་དུ་བཅུག་གོ། ཡ་ཧོ་ཝཱས་དེ་ནི་མོ་གཤམ་དུ་བཞག་པའི་ཕྱིར་མོ་ལ་སྨད་དོ། ༧ དེ་བཞིན་དུ་ལོ་ལྟར་བྱུང་སྟེ། ཡ་ཧོ་ཝཱའི་མཆོད་ཁང་དུ་མོ་ནམ་འགྲོ་བའི་ཚེ། མོ་ལ་རྔན་ཆེན་བྱས་པས། མོ་ངུ་ཞིང་གང་ཡང་མ་བཟས་སོ། ༨ ཡང་མོའི་ཁྱོ་ཨེལ་ཀཱ་ནཱས། ཀྱེ་ཧན་ནཱ། ཁྱོད་ཅིའི་ཕྱིར་ངུ་ཞིང་ཟས་མི་ཟ། ཁྱོད་ཀྱི་སྙིང་ཅིའི་ཕྱིར་ཚེར། བུ་བཅུ་ལས་ཀྱང་ང་ནི་ཁྱོད་ཀྱི་མདུན་དུ་ལྷག་པ་མ་ཡིན་ནམ། ཞེས་སྨྲས་པས།
༩ དེ་དག་གིས་ཤི་ལོ་རུ་བཟས་ཤིང་བཏུང་བའི་རྗེས་སུ་ཧན་ནཱ་ཡར་ལངས་སོ། བླ་མ་ཨེ་ལི་ནི་ཡ་ཧོ་ཝཱའི་མཆོད་ཁང་གི་སྒོའི་མདུན་དུ་ཤིང་ཁྲི་ཞིག་གི་ཁར་བསྡད་པ་དང་། ༡༠ ཧན་ནཱ་སེམས་ཤིན་ཏུ་ཚེར་ཏེ། ཡ་ཧོ་ཝཱ་ལ་སྨོན་ལམ་འདེབས་ཤིང་ངུས་སོ། ༡༡ དེ་ནས་ཧན་ནཱས་དམ་བཅས་ཤིང་ཞུས་པ། བདག་ལ་ཐུགས་བརྩེ་བར་དགོངས་ཏེ། ཁྱེད་ཀྱི་བྲན་མོ་བདག་གི་སྡུག་བསྔལ་འདི་ལ་གཟིགས་ཤིག ཀྱེ་དཔུང་ཚོགས་ཀྱི་ཡ་ཧོ་ཝཱ། གལ་ཏེ་ཁྱེད་ཀྱིས་ཉིད་ཀྱི་བྲན་མོ་བདག་ལ་ཐུགས་མ་གཡེལ་བར་བུ་ཞིག་གནང་ན། བུ་དེ་ནི་མ་འཆི་བའི་བར་དུ་ཡ་ཧོ་ཝཱ་ལ་འབུལ་བར་བྱ། དེའི་མགོར་སྐྲ་གྲི་ནམ་ཡང་རེག་པར་མི་བྱའོ༎
༡༢ མོས་ཡ་ཧོ་ཝཱའི་དྲུང་དུ་ཡུན་རིང་ཞིག་ཏུ་སྨོན་ལམ་འདེབས་པའི་ཚེ། ཨེ་ལིས་བུད་མེད་དེའི་ཁ་ལ་བལྟས་སོ། ༡༣ ཧན་ནཱས་རང་གི་སྙིང་གི་མཐིལ་ནས་སྨོན་ལམ་བཏབ་པས། སྐད་མ་བཏོན་ཏེ། ཁ་ལྤགས་འབའ་ཞིག་གཡོ་བས། ཨེ་ལིས་བུད་མེད་དེ་ནི་ར་བཟི་བར་གྱུར་ཏོ་ཞེས་བསམས་སོ། ༡༤ དེའི་ཕྱིར་ཨེ་ལིས་མོ་ལ། ཁྱོད་ནམ་བར་དུ་ར་བཟི་ཞིང་གནས་པར་འགྱུར། ཁྱོད་ལ་ཡོད་པའི་རྒུན་ཆང་ཁྱོད་ནས་ཕར་ཞོག་ཅིག ༡༥ ཅེས་བསྐུལ་བའི་ལན་དུ་ཧན་ནཱས། ཀྱེ་ཇོ་བོ། དེ་ལྟར་མིན། ང་ནི་སེམས་མི་བདེ་བའི་བུད་མེད་ཅིག་ཡིན། ངས་རྒུན་ཆང་དང་ཆང་དྲག་པོ་མི་འཐུང་། ངས་སྙིང་ནས་ཡ་ཧོ་ཝཱ་ལ་སྨོན་ལམ་བཏབ་པ་ཡིན། ༡༦ ཁྱེད་ཀྱི་བྲན་མོ་ང་ནི་བུ་མོ་སྤྱོད་པ་ངན་པ་ཞིག་ཡིན་པར་མ་སེམས་ཤིག ཁོང་འཁྲུག་དང་སེམས་མི་བདེ་བར་གྱུར་ནས། གསོལ་བ་བཏབ་པ་ཡིན་ཞེས་ཞུས་ནས། ༡༧ དེའི་ལན་དུ་ཨེ་ལིས། ཞི་བདེ་བར་སོང་ཞིག ཨིས་ར་ཨེལ་གྱི་དཀོན་མཆོག་གིས་ཁྱོད་ཀྱི་གསོལ་བ་བཞིན་དུ་གནང་བར་གྱུར་ཅིག་ཅེས་སྨྲས་ནས། ༡༨ ཡང་མོས། ཁྱེད་ཀྱི་སྤྱན་སྔར་བྲན་མོ་ང་ལ་ཐུགས་རྗེ་གཟིགས་ཞུས་ནས། བུད་མེད་དེ་རང་གི་ལམ་དུ་ཕྱིན་ཏེ། དེར་བཟའ་མ་བཟས་ནས། གདོང་ནང་ཁོང་འཁྲུག་ལྟར་མེད་པ་ཡིན།
༡༩ ཡང་དེ་དག་སང་སྔ་དྲོ་ལངས་ཏེ། ཡ་ཧོ་ཝཱ་ལ་སྨོན་ལམ་བཏབ་ནས། རཱ་མཱ་རུ་རང་གི་ཁང་པར་ཕྱིར་ལོག་གོ། ཨེལ་ཀཱ་ནཱས་རང་གི་ཆུང་མ་ཧན་ནཱ་དང་འགྲོགས་ནས། ཡ་ཧོ་ཝཱས་དེ་ནི་ཐུགས་སུ་དྲན་ཏོ། ༢༠ དུས་ལ་བབ་སྟེ། ཧན་ནཱ་མངལ་དང་ལྡན་པར་གྱུར་ཏེ། བུ་ཞིག་སྐྱེས་ནས། དེའི་མིང་ཤ་མུ་ཨེལ་ཞེས་བཏགས་སོ། ཤ་མུ་ཨེལ་ཞེས་བཏགས་པའི་དོན་ནི། ཕྲུ་གུ་འདི་ཡ་ཧོ་ཝཱ་ནས་ཞུས་པ་ཡིན་ནོ༎
༢༡ དེ་ནས་ཨེལ་ཀཱ་ནཱས་གཞིས་མད་འཁྲིད་ནས། ཡ་ཧོ་ཝཱ་ལ་ལོ་རེའི་མཆོད་པ་དང་དམ་བཅའ་རྣམས་འབུལ་བའི་ཕྱིར་ཡར་འགྲོ་བ་ལས། ༢༢ ཧན་ནཱ་ཡར་མ་འགྲོ་བར། མོས་རང་གི་ཁྱོ་ལ། ཕྲུ་གུ་ལ་འོ་མ་བཅད་པའི་བར་དུ་ང་ཡར་མི་འགྲོ། དེ་ནས་ངས་བུ་འདི་འཁྲིད་དེ། ཡ་ཧོ་ཝཱའི་དྲུང་དུ་རྒྱུན་དུ་གནས་པའི་ཕྱིར་ཁོང་ལ་འབུལ་བར་བྱ་ཞེས་སྨྲས་པ་དང་། ༢༣ དེའི་ཁྱོ་ཨེལ་ཀཱ་ནཱས། ཁྱོད་ཀྱི་འདོད་པ་བཞིན་དུ་འོ་ཐག་མ་ཆོད་པའི་བར་དུ་ཁང་པ་རུ་བསྡད་དེ། ཡ་ཧོ་ཝཱ་ཁོང་ཉིད་ཀྱིས་བཀའ་གནང་བ་ཐམས་ཅད་སྒྲུབ་པར་གནོང་ཞིག་ཅེས་སྨྲས་སོ། དེའི་ཕྱིར་འོ་ཐག་མ་ཆོད་བར་ཁང་པར་གནས་སོ། ༢༤ ཡང་འོ་ཐག་ཆོད་ནས། ཕྲུ་གུ་དང་། གླང་གསུམ་དང་། ཕྱེ་ཁལ་གཅིག་དང་། རྒུན་ཆང་རྐྱལ་པ་གཅིག་བཅས། ཡ་ཧོ་ཝཱ་ལ་འབུལ་བའི་ཕྱིར་ཤི་ལོ་ཡི་མཆོད་ཁང་དུ་ཁྱེར་ཏོ། བུ་ད་དུང་ཆུང་བ་ཞིག་ཡིན་ནོ། ༢༥ ཡང་གླང་དེ་བསད་ནས་ཨེ་ལིའི་མདུན་དུ་ཕྲུ་གུ་ཁྲིད་དོ། ༢༦ དེར་ཧན་ནཱས། ཀྱེ་ངའི་ཇོ་བོ། ཁྱེད་ཀྱི་སེམས་གསོན་པོ་གནས་པར་ངེས་པ་ལྟར། ང་ནི་སྔོན་འདིར་འོངས་པ་དང་། ཡ་ཧོ་ཝཱ་ལ་སྨོན་ལམ་བཏབས་པའི་བུད་མེད་དེ་ཡིན་པར་ངེས་སོ། ༢༧ ངས་བུ་འདིའི་ཕྱིར་སྨོན་ལམ་བཏབ་པ་ཡིན། ཡང་ཡ་ཧོ་ཝཱས་ངའི་གསོལ་བ་བཞིན་དུ་གནང་ངོ་། ༢༨ དེའི་ཕྱིར་ངས་ཀྱང་བུ་འདི་ནི་ཡ་ཧོ་ཝཱ་ལ་མ་འཆི་བའི་བར་དུ་འབུལ། ཞེས་ཞུས་སོ༎
དེ་ལྟར་དེ་ནི་ཡ་ཧོ་ཝཱ་ལ་ཕྱག་འཚལ་གྱིན་དེར་གནས་སོ༎