༤
ཡང་བོ་ཨས་གྲོང་ཁྱེར་གྱི་རྒྱ་སྒོ་ལ་ཕྱིན་ནས་དེར་བསྡད་དོ། ཡང་ལྟོས་ཤིག བོ་ཨས་ཀྱིས་སྔར་སྨྲས་པའི་གཉེན་ཚན་དེ་ནི་དེར་བསླེབས་ནས། བོ་ཨས་ཀྱིས་ཁོ་ལ། ཨ་རེ་ཁྱེད་ཚུར་ཟུར་དུ་ཤོག་ལ་འདིར་སྡོད་ཅིག་ཅེས་སྨྲས་པ་དང་། མི་དེ་ནི་ཚུར་ཟུར་ལ་འོངས་ནས་བསྡད་དོ། ༢ དེ་ནས་བོ་ཨས་ཀྱིས་གྲོང་ཁྱེར་གྱི་རྒན་པོ་རྣམས་ལས་མི་བཅུ་བོས་ནས། ཁྱོད་རྣམས་འདིར་སྡོད་ཅིག་ཅེས་སྨྲས་པ་དང་། དེ་དག་དེར་བསྡད་དོ། ༣ ཡང་ཁོས་གཉེན་ཚན་དེ་ལ། ནཱ་ཨོ་མི་་མོ་ཨབ་ཡུལ་ནས་ཕྱིར་ལོག་པ་དེས་ནི་ངེད་ཀྱི་སྤུན་ཨེ་ལི་མེ་ལེག་ལ་ཡོད་པའི་ས་ཆ་འཚོང་ངོ་། ༤ ད་ངས་ཁྱོད་ལ། འདི་རུ་སྡོད་པ་རྣམས་དང་ངའི་མི་བརྒྱུད་ཀྱི་རྒན་པོ་རྣམས་ཀྱི་མདུན་དུ་དེ་ཉོས་ཤིག་ཅེས་ཟེར་བར་བསམས་པ་ཡིན། གལ་ཏེ་ཁྱོད་དེ་བླུ་བར་འདོད་ན། བླུ་བར་བྱོས། ཅི་སྟེ་བླུ་བར་མི་འདོད་ན། ངས་ཤེས་པའི་ཕྱིར་ང་ལ་ཤོད། དེ་ཅིའི་ཕྱིར་ཞེ་ན། ཁྱོད་མིན་པར་བླུ་མཁན་གཞན་མེད་པས། ཁྱོད་ཀྱི་རྗེས་སུ་ངའི་ཁག་ཡིན། ཞེས་སྨྲས་པའི་ལན་དུ་མི་དེས། ངས་བླུ་བར་བྱའོ་ཞེས་སྨྲས་སོ། ༥ དེ་ནས་བོ་ཨས་ཀྱིས། ཁྱོད་ཀྱིས་ནཱ་ཨོ་མི་ནས་ཞིང་དེ་ཉོ་བའི་སྐབས་སུ། ཤི་མཁན་དེའི་ཆུང་མ་མོ་ཨབ་མ་རུད་དེ་ནི་ཆུང་མར་བླང་དགོས། དེ་ཅིའི་ཕྱིར་ཞེ་ན། ཤི་མཁན་དེའི་མིང་ནི་རང་གི་ས་སྐལ་ནས་འབུད་པར་མི་འགྱུར་བའི་ཕྱིར་རོ་ཞེས་བསྐུལ་ཏོ། ༦ ཡང་གཉེན་ཚན་དེས། ང་རང་གི་ས་སྐལ་ལ་གནོད་པ་འབྱུང་གིས་དོགས་པས། ངས་ཞིང་དེ་བླུ་བར་མི་ནུས། ངའི་ཐོབ་ཚིར་དེ་ཁྱོད་ཀྱིས་བླུས་ཤིག ངས་བླུ་བར་མི་ནུས་ཞེས་སྨྲས་སོ༎༧ སྔོན་མའི་དུས་སུ་ཨིས་ར་ཨེལ་གྱི་མི་བརྒྱུད་ཀྱི་ནང་ན་བླུ་བ་དང་རྗེ་བའི་སྐབས་སུ་ཐམས་ཅད་བརྟན་པོ་བྱེད་པའི་ཕྱིར་དུ་ལུགས་སོྲལ་འདི་ལྟར་རོ། མིས་རང་གི་ལྷམ་ཕུད་ནས། ཁྱིམ་མཚེས་པ་ལ་བཏད་དོ། ཨིས་ར་ཨེལ་པའི་ཁྲོད་དུ་བརྟན་པོ་བྱེད་པའི་ཕྱིར་དེ་ལྟར་བྱས་སོ། ༨ ཡང་གཉེན་ཚན་དེས་བོ་ཨས་ལ། ཁྱོད་ཀྱིས་རང་གི་ཕྱིར་ཞིང་དེ་ཉོ་བར་བྱོས་ཤིག་སྨྲས་ནས། རང་གི་ལྷམ་ཕུད་དོ། ༩ ཡང་བོ་ཨས་ཀྱིས་རྒན་པོ་རྣམས་དང་དེ་རུ་ཡོད་པའི་མི་ཐམས་ཅད་ལ། ཉིན་མོ་འདི་ལ་ཨེ་ལི་མེ་ལེག་གི་ཤུལ་ཐམས་ཅད་དང་། ཁིལ་ཡོན་དང་མག་ལོན་གཉིས་ཀའི་ཤུལ་ཐམས་ཅད་ངས་ནི་ནཱ་ཨོ་མི་ནས་ཉོས་པའི་དཔང་པོར་ཁྱེད་ཅག་འཛུག་པར་བྱེད་ཅེས་སྨྲས་སོ། ༡༠ དེ་མ་ཟད་དེ། མོ་ཨབ་མ་རུད་བྱ་བ་མག་ལོན་གྱི་ཆུང་མ་ངས་བག་མར་ཉོས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཤི་མཁན་གྱི་མིང་དེ་རང་གི་ས་སྐལ་ནང་གནས་པ་དང་། ཤི་མཁན་གྱི་མིང་དེ་རང་གི་སྤུན་རྣམས་དང་རང་གི་ཡུལ་གྱི་རྒྱ་སྒོ་ནས་འབུད་པར་མི་འགྱུར་བའི་ཕྱིར་རོ། ཁྱོད་རྣམས་ཉིན་མོ་འདི་ལ་དཔང་པོར་གྱུར་ཅིག་ཅེས་སྨྲས་སོ། ༡༡ ཡང་རྒྱ་སྒོ་རུ་ཡོད་པའི་མི་ཐམས་ཅད་དང་རྒན་པོ་རྣམས་ཀྱིས། ང་ཚོས་དཔང་བྱེད་དོ། ཡ་ཧོ་ཝཱས་ཁྱོད་ཀྱི་ཁྱིམ་དུ་འོངས་པའི་བུད་མེད་འདི་ནི་ར་ཧེལ་དང་ལེ་ཨ་་ཨིས་ར་ཨེལ་པའི་བུ་བརྒྱུད་རྒྱས་པར་བཅུག་པ་དེ་གཉིས་དང་འདྲ་བར་མཛོད་ཅིག་དང་། ཁྱེད་རང་ནི་ཨེབ་རད་ན་ལེགས་པར་དར་ཏེ། བེད་ལེ་ཧེམ་དུ་སྙན་གྲགས་འབྱུང་བར་ཤོག་ཅིག་དང་། ༡༢ ཡ་ཧོ་ཝཱས་ཁྱོད་ལ་བུད་མེད་ན་ཆུང་འདི་ནས་སྐྱེས་པའི་ས་བོན་གནང་སྟེ། ཁྱོད་ཀྱི་བུ་བརྒྱུད་ནི་ཐ་མར་གྱིས་ཡ་ཧུ་དཱ་ལ་བསྐྱེས་པའི་ཕེ་རེས་བྱ་བའི་བརྒྱུད་དང་འདྲ་བར་གྱུར་ཅིག་ཅེས་སྨྲས་སོ༎
༡༣ དེ་ལྟར་བོ་ཨས་ཀྱིས་རུད་བག་མར་བླངས་པ་དང་། མོ་དེ་ནི་ཁོའི་ཆུང་མར་གྱུར་ཏོ། ཁོ་དང་འགྲོགས་ནས། ཡ་ཧོ་ཝཱས་ཐུགས་རྗེ་མཛད་དེ། བུད་མེད་དེ་ནི་མངལ་དང་ལྡན་པར་གྱུར་ཏེ། བུ་ཞིག་སྐྱེས་སོ། ༡༤ ཡང་བུད་མེད་རྣམས་ཀྱིས་ནཱ་ཨོ་མི་ལ། ཁྱོད་ཉིན་མོ་འདི་ལ་གཉེན་མེད་པར་མ་བཞག་པའི་དཀོན་མཆོག་ལ་སྟོད་བསྔགས་པར་གྱུར་ཅིག ཡང་ཨིས་ར་ཨེལ་གྱི་ཁྲོད་དུ་ཁོང་གི་མཚན་སྙན་གྲགས་དང་ལྡན་པར་གྱུར་ཅིག ༡༥ དེ་ནི་ཁྱོད་ལ་སྲོག་སྐྱོབ་མཁན་དང་ཁྱོད་རྒས་དུས་ཀྱི་ཁ་ཟས་སྟེར་མཁན་དུ་འགྱུར་བར་འགྱུར་རོ། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱི་མནའ་མ་ཁྱོད་ལ་ཆགས་པས། བུ་བདུན་ལས་ལེགས་པ་ཡིན་པ་དེ་ལ་སྐྱེས་པའི་ཕྱིར་རོ་ཞེས་སྨྲས་སོ། ༡༦ ཡང་ནཱ་ཨོ་མིས་ཕྲུ་གུ་དེ་བླངས་ཏེ། རང་གི་པང་པར་བཞག་ནས། དེའི་འཚོ་རྫི་ལ་གྱུར་ཏོ། ༡༧ ཡང་ཁྱིམ་མཚེས་མ་རྣམས་ཀྱིས། ནཱ་ཨོ་མི་ལ་བུ་སྐྱེས་སོ། ཞེས་སྨྲས་ཏེ། ཕྲུ་གུ་དེ་ལ་མིང་བཏགས་ནས། དེའི་མིང་ལ་ཨོ་བེད་ཅེས་བཏགས་སོ། ཁོ་ནི་ཨི་ཤཱའི་ཕ་དང་། ཨི་ཤཱ་ནི་དཱ་བིད་ཀྱི་ཕ་ལགས་སོ༎