ཡང་ནཱ་ཨོ་མིས་མནའ་མ་ལ། ངའི་བུ་མོ་ཁྱོད་ལེགས་པའི་ཕྱིར། ངས་ཁྱོད་ཀྱི་དོན་དུ་ངལ་གསོ་འཚོལ་བར་མི་དགོས་སམ།  ད་ཁྱོད་ངེད་ཀྱི་གཉེན་བོ་ཨས་ཀྱི་གཡོག་མོ་རྣམས་དང་མཉམ་དུ་ཡོད་དེ། དེས་ནི་མཚན་མོ་འདི་ལ་གཡུལ་ཁ་ལ་ནས་འཕྱར་བར་བྱ།  དེའི་ཕྱིར་ལུས་བཀྲུས་ཏེ། སྣུམ་བྱུགས་ནས། གོས་གོན་ཏེ། གཡུལ་ཁར་སོང་ཞིག་དང་། མི་དེས་ཟ་བ་དང་བཏུང་བ་མ་ཚར་བའི་བར་རང་གི་ངོ་མ་སྟོན་ཅིག  ཡང་ཁོ་ཉལ་བའི་དུས་སུ་ཁོའི་ཉལ་ས་ལ་བལྟས་ནས་དེ་རུ་སོང་སྟེ། ཁོའི་རྐང་པའི་ཕྱོགས་སུ་མལ་གོས་འཐེན་ཏེ་དེ་རུ་ཉོལ་དང་། མི་དེས་ཁྱོད་ལ་ཅི་བྱེད་པར་རུང་སྨྲ་བར་བྱའོ།  ཞེས་སྨྲས་པའི་ལན་དུ་བུ་མོས། ཁྱེད་ཀྱིས་བསླབས་པ་ཐམས་ཅད་ངས་བྱའོ་ཞེས་ཞུས་སོ༎
 ཡང་གཡུལ་ཁར་སོང་ནས། སྒྱུག་མོས་བསླབས་པ་ཐམས་ཅད་བཞིན་དུ་བྱས་སོ།  ཡང་བོ་ཨས་ཀྱིས་ཟ་བ་དང་བཏུང་ཟིན་ནས། སེམས་སྐྱིད་པོར་གྱུར་ཏེ། འབྲུའི་ཕུང་པོའི་ཟུར་ཞིག་ལ་ཉལ་དུ་སོང་བ་ལས། བུ་མོ་དེ་ག་ལེར་འོངས་ནས། མི་དེའི་རྐང་པ་ལས་མལ་གོས་འཐེན་ཏེ། དེར་ཉལ་ལོ།  ཡང་མཚན་ཕྱེད་ལ་མི་དེ་འདྲོགས་ཏེ་ལུས་བསྒྱུར་ནས། ཀྱེ་ཧོ། རང་གི་རྐང་པའི་མདུན་དུ་བུད་མེད་ཅིག་ཉལ་ཏེ་འདུག་གོ།  ཡང་ཁོས། ཁྱོད་སུ་ཡིན། ཞེས་འདྲིས་པའི་ལན་དུ་བུ་མོས། ང་ནི་ཁྱེད་ཀྱི་གཡོག་མོ་རུད་བྱ་བ་དེ་ཡིན། ཁྱེད་གཉེན་ཞིག་ཡིན་པས། ཁྱེད་ཀྱི་གོས་ཁྱེད་རང་གི་གཡོག་མོའི་སྟེང་དུ་ཁེབས་པར་མཛོད་ཅིག་ཅེས་ཞུས་སོ། ༡༠ ཡང་མི་དེས། ངའི་བུ་མོ། ཡ་ཧོ་ཝཱས་ཁྱོད་ལ་བྱིན་རླབས་མཛོད་ཅིག ཁྱོད་གཞོན་ནུ་དབུལ་བའམ་ཕྱུག་པོ་རྣམས་ལ་མ་འབྲངས་པས། ཐོག་མ་བས་མཐའ་མར་དྲིན་ལྷག་པར་བསྟན་པ་ཡིན། ༡༡ ད་ངའི་བུ་མོ། མ་འཇིགས་ཤིག ཁྱོད་ཀྱིས་སྨྲས་པ་བཞིན་དུ་ངས་ཐམས་ཅད་སྒྲུབ་པར་བྱ། དེ་ཅིའི་ཕྱིར་ཞེ་ན། ངེད་ཀྱི་གྲོང་ཁྱེར་གྱི་མི་ཐམས་ཅད་ཀྱིས་ཁྱོད་བུད་མེད་བཟང་མོ་ཞིག་ཡིན་པར་ཤེས་སོ། ༡༢ ཡང་ང་ནི་ཁྱོད་ཀྱི་གཉེན་ཉེ་བ་ཞིག་ཡིན་པར་བདེན་ཡང་། ང་ལ་གཉེན་ཚན་ཉེ་བ་ཞིག་ཡོད། ༡༣ མཚན་མོ་འདི་ལ་ཁྱོད་འདི་རུ་སྡོད། ཐོ་རངས་གལ་ཏེ་མི་དེས་ཁྱོད་ལ་གཉེན་ལུགས་བྱེད་པར་དགའ་ན། ལེགས། ཁོ་གཉེན་ལུགས་བྱེད་པར་ཆུག་ཅིག ཇི་སྟེ་ཁོས་གཉེན་ལུགས་མི་བྱེད་ན། ངས་ནི་ཡ་ཧོ་ཝཱ་གསོན་པོ་དཔང་དུ་བཙུགས་ནས། ཁྱོད་ལ་གཉེན་ལུགས་བྱའོ། ད་སྔ་དྲོའི་བར་དུ་འདི་རུ་ཉོལ་ཞེས་སྨྲས་སོ༎
༡༤ ཡང་ནམ་མ་ལངས་པའི་བར་དུ་ཁོའི་རྐང་པའི་མདུན་དུ་ཉལ་ནས། མི་ངོ་མི་ཤེས་པའི་སྔོན་དུ་ལངས་སོ། དེ་ཅིའི་ཕྱིར་ཞེ་ན། བོ་ཨས་ཀྱིས། བུ་མོ་གཡུལ་ཁར་འོངས་པ་མི་སུས་ཀྱང་ཤེས་པར་མི་རུང་ཞེས་སྙམ་དུ་བསམས་སོ། ༡༥ དེ་ནས་བོ་ཨས་ཀྱིས། ཁྱོད་ཀྱིས་གོན་པའི་གཟན་གོས་དེ་ཚུར་ཁུར་ཤོག་དང་། དེ་ཟུངས་ཤིག་སྨྲས་པ་དང་། མོས་བཟུངས་ནས། བོ་ཨས་ཀྱིས་ནས་བྲེ་དྲུག་བཅལ་ནས་བུ་མོ་དེ་ལ་བཀལ་ནས། ཁོ་རང་གྲོང་ཁྱེར་དུ་སོང་ངོ་། ༡༦ ཡང་མོ་སྒྱུག་མོའི་མདུན་དུ་བསླེབས་པ་དང་། སྒྱུག་མོས་དེ་ལ། ངའི་བུ་མོ། ཁྱོད་ལ་ཅི་བྱུང་། འདྲིས་པའི་ལན་དུ་བུ་མོས་མི་དེས་བྱས་པ་ཐམས་ཅད་བཤད་དེ་འདི་སྐད་དུ། ༡༧ མི་དེས་ནས་བྲེ་དྲུག་པོ་འདི་ང་ལ་གནང་སྟེ་ང་ལ། ཁྱོད་ཀྱི་སྒྱུག་མོའི་མདུན་དུ་སྟོང་པར་འགྲོ་མི་རུང་ཞེས་སྨྲས་སོ། ༡༨ དེ་ནས་སྒྱུག་མོས། ངའི་བུ་མོ། བྱ་བ་འདི་ཅི་ལྟར་འབྱུང་བར་འགྱུར་མ་ཤེས་པའི་བར་དུ་འདི་རུ་ཁ་རོག་ཏུ་སྡོད་དང་། བྱ་བ་དེ་ཉིན་འདི་ལ་མ་སྒྲུབ་པའི་བར་དུ་མི་དེའི་སེམས་བདེ་བར་མི་འགྱུར་ཞེས་སྨྲས་སོ༎