༢
ཡང་ཨེ་ལི་མེ་ལེག་གི་བརྒྱུད་ཀྱི་མི་ཤིན་ཏུ་ཕྱུག་པོ་བོ་ཨས་བྱ་བའི་ནཱ་ཨོ་མིའི་ཁྱོའི་གཉེན་ཞིག་ཡོད་པ་ཡིན། ༢ ཡང་མོ་ཨབ་མ་རུད་ཀྱིས་ནཱ་ཨོ་མི་ལ། ང་ད་ལྟ་ཞིང་ལ་འགྲོ་སྟེ། སུས་ང་ལ་བཀའ་དྲིན་བྱེད་པ་དེའི་རྗེས་སུ་ཕྱིན་ཏེ། སྙེ་མ་སྒྲུག་པར་བྱའོ། ཞེས་ཞུས་པའི་ལན་དུ་ནཱ་ཨོ་མིས། ངའི་བུ་མོ། སོང་ཞིག་ཅེས་སྨྲས་སོ། ༣ ཡང་མོ་སོང་སྟེ། ཞིང་རྔ་མཁན་གྱི་རྗེས་སུ་འབྲང་སྟེ། ཞིང་ལ་སྙེ་མ་སྒྲུག་པ་ལས། ཨེ་ལི་མེ་ལེག་གི་བརྒྱུད་པ་བོ་ཨས་ཀྱི་ཡིན་པའི་ཞིང་གི་སྐལ་བའི་ནང་མ་ཤེས་པར་བསླེབས་སོ། ༤ ཡང་ལྟོས་ཤིག བོ་ཨས་་བེད་ལེ་ཧེམ་ནས་འོང་སྟེ། རྔ་མཁན་རྣམས་ལ། ཡ་ཧོ་ཝཱ་ཁྱོད་རྣམས་དང་འགྲོགས་པར་གྱུར་ཅིག་ཅེས་སྨྲས་པའི་ལན་དུ་དེ་དག་གིས། ཡ་ཧོ་ཝཱས་ཁྱེད་ལ་བྱིན་རླབས་མཛོད་ཅིག་ཅེས་ཞུས་སོ། ༥ དེ་ནས་བོ་ཨས་ཀྱིས་རྔ་མཁན་རྣམས་ཀྱི་མགོ་བྱེད་ལ། འདི་ནི་སུའི་བུ་མོ་ཡིན། ༦ ཅེས་འདྲིས་པའི་ལན་དུ་རྔ་མཁན་རྣམས་ཀྱི་མགོ་བྱེད་ཀྱིས། མོ་ཨབ་ཡུལ་ནས་ནཱ་ཨོ་མི་དང་མཉམ་དུ་ལོག་འོངས་པའི་མོ་ཨབ་མ་དེ་ཡིན་ཏེ། ༧ དེས་ང་ལ། རྔ་མཁན་རྣམས་ཀྱི་རྗེས་སུ་འབྲང་སྟེ། པང་འཁོད་རྣམས་ཀྱི་བར་ལ་སྙེ་མ་སྒྲུག་པར་གནོང་ཞིག་ཅེས་ཞུས་པ་དང་། མོ་འོངས་ནས་ཅུང་ཟད་ཁང་པར་བསྡད་པར་མ་གཏོགས། སྔ་དྲོ་ནས་ད་ལྟའི་བར་དུ་འདིར་ཡོད་པ་ཡིན་ཅེས་སྨྲས་སོ༎༨ དེ་ནས་བོ་ཨས་ཀྱིས་རུད་ལ། ངའི་བུ་མོ། ད་ཉོན་ཅིག སྙེ་མ་སྒྲུག་པའི་ཕྱིར་ཞིང་གཞན་དུ་མ་འགྲོ་བར། འདི་ནས་མ་འཐོན་པར། ངའི་གཡོག་མོ་རྣམས་དང་མཉམ་དུ་འདི་རུ་སྡོད། ༩ ཁོ་རྣམས་ཀྱིས་རྔ་བའི་ཞིང་ལ་ལྟ་ཞིང་། ཁོ་རྣམས་ཀྱི་རྗེས་སུ་སོང་། ཁྱོད་ལ་མི་རེག་པའི་ཕྱིར་ངས་གཞོན་ནུ་རྣམས་ལ་བསྒོ་བ་མ་ཡིན་ནམ། ཡང་ཁྱོད་སྐོམ་པའི་ཚེ། སྣོད་ཀྱི་རྩར་སོང་སྟེ། གཞོན་ནུ་རྣམས་ཀྱིས་བཅུས་པ་དེ་ཐུང་ཞིག་ཅེས་སྨྲས་སོ། ༡༠ དེ་རུ་བུ་མོས་ཁ་འབུབ་ཏུ་ལུས་ས་ལ་བརྡབ་སྟེ། ང་ནི་རྒྱལ་ཁམས་མ་ཞིག་ཡིན་བཞིན་དུ། ཁྱེད་ཀྱིས་ཅིའི་ཕྱིར་ང་ཐུགས་རྗེས་གཟིགས་ཏེ་ང་ལ་གཟིགས་པ་དེ་ཅི་ལགས། ༡༡ ཅེས་ཞུས་པའི་ལན་དུ་བོ་ཨས་ཀྱིས་དེ་ལ། ཁྱོད་ཀྱིས་ཁྱོ་ཤི་བའི་འོག་ཏུ་སྒྱུག་མོ་ལ་ཅི་ལྟར་བྱས་པ་དང་། ཕ་མ་གཉིས་དང་ཕ་ཡུལ་བོར་ཞིང་། སྔར་ཁྱོད་ལ་རྒྱུས་མེད་པའི་ཡུལ་ཞིག་ཏུ་འོངས་པ་དེ་ཐམས་ཅད་ང་ལ་རྒྱས་པར་བཤད་བྱུང་། ༡༢ ཡ་ཧོ་ཝཱས་ཁྱོད་ཀྱི་ལས་ལ་རྔན་པ་གནང་སྟེ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཤོག་པའི་འོག་ཏུ་ཁྱོད་སྐྱབས་སུ་འོངས་པ་ཁྱོད་ལ་ཁོང་གིས་བྱ་དགའ་ཚང་པོ་གནང་བར་ཤོག་ཅིག་ཅེས་སྨྲས་སོ། ༡༣ དེ་ནས་བུ་མོ་དེས། ཀྱེ་བདག་གི་དཔོན་པོ། བདག་ནི་ཁྱེད་ཀྱི་གཡོག་མོ་གཅིག་དང་འདྲ་བ་མ་ཡིན་ཀྱང་། ཁྱེད་ཀྱིས་བདག་གི་སེམས་གསོ་བར་མཛད་ནས། ཁྱེད་ཀྱི་གཡོག་མོ་ལ་ཐུགས་རྗེའི་ནང་གཏམ་གླེང་མཛད་བྱུང་། བདག་ལ་ཐུགས་རྗེས་གཟིགས་སུ་མཛོད་ཅེས་ཞུས་སོ༎
༡༤ ཡང་ཟས་ཟ་བའི་དུས་སུ་བོ་ཨས་ཀྱིས་མོ་ལ། ཚུར་ཤོག་དང་། བག་ལེབ་ཟོས་ཏེ་ཁམ་ཚད་རྒུན་ཆང་སྐྱུར་མོ་ལ་སྦོང་ཞེས་སྨྲས་ནས། མོ་རྔ་མཁན་རྣམས་དང་མཉམ་དུ་བསྡད་དེ། དེས་མོ་ལ་ཡོས་བསྟེར་ནས། ཟོས་ཏེ་ཚིམ་པར་གྱུར་ཏེ། ལྷག་མ་ཡང་ལུས་སོ། ༡༥ བུ་མོ་དེ་སྙེ་མ་སྒྲུག་པའི་ཕྱིར་ལང་བའི་འོག་ཏུ། བོ་ཨས་ཀྱིས་གཞོན་ནུ་རྣམས་ལ། མོ་ལ་མ་སྨད་པར། པང་འཁོད་རྣམས་ཀྱི་བར་ལ་ཡང་སྒྲུག་ཏུ་ཆུག་ཅིག ༡༦ ཡང་མོའི་ཕྱིར་དུ་པང་འཁོད་ཀྱི་ནང་ནས་ཁ་ཤས་བཏོན་ནས་ལུས་ཆུག་ཅིག་མོ་ལ་ཁ་མི་གཏོང་བར། སྒྲུག་ཏུ་ཆུག་ཅིག་ཅེས་བཀའ་སྩལ་ཏོ༎
༡༧ དེ་ལྟར་མོས་དགོངས་མོའི་བར་དུ་ཞིང་ལ་བསྒྲུགས་ནས། བསྒྲུགས་པ་དེ་བརྡུང་སྟེ། ནས་ཀྱི་ཨེ་ཕ་གཅིག་ཙམ་ཡོད་པས། དེ་ཁྱེར་ནས་གྲོང་ཁྱེར་དུ་སོང་ངོ་། ༡༨ ཡང་སྒྱུག་མོས་བསྒྲུགས་པ་དེ་མཐོང་པ་དང་། བུ་མོས་འགྲངས་པའི་ལྷག་མ་དེ་བཏོན་ནས་སྒྱུག་མོ་ལ་བཏད་དོ། ༡༩ ཡང་སྒྱུག་མོས་དེ་ལ། དེ་རིང་གང་དུ་བསྒྲུག་སྟེ། གང་དུ་ལས་བྱས་པ་ཡིན། ཁྱོད་ལ་ཐུགས་རྗེས་གཟིགས་པ་དེ་བཀྲ་ཤིས་པར་གྱུར་ཅིག་ཅེས་སྨྲས་སོ། ཡང་བུ་མོས་སྒྱུག་མོ་ལ་སུའི་རྩར་ལས་བྱས་པ་ཡིན་བསྟན་ཏེ་འདི་སྐད་དུ། ངས་དེ་རིང་བོ་ཨས་བྱ་བའི་མིའི་རྩར་ལས་བྱས་པ་ཡིན། སྨྲས་པས། ༢༠ ནཱ་ཨོ་མིས་མནའ་མ་ལ། གསོན་པོ་དང་གཤིན་པོ་གཉིས་ཀ་ལ་བཀྲེན་པོ་མ་བྱེད་པར་བཀའ་དྲིན་མཛད་པའི་མི་དེ་ལ་ཡ་ཧོ་ཝཱས་བྱིན་རླབས་མཛོད་ཅིག མི་དེ་ནི་ངེད་ཀྱི་བརྒྱུད་དང་གཉེན་ཞིག་ཡིན་སྨྲས་སོ། ༢༡ ཡང་མོ་ཨབ་མ་རུད་ཀྱིས། འོ་ན། ཁོས་ང་ལ། ངའི་སྟོན་ཐོག་སྡུ་ཟིན་པའི་བར་དུ་ངའི་ལས་མི་རྣམས་འབའ་ཞིག་དང་ཉེ་བར་སྡོད་ཅེས་བསྒོའོ། ༢༢ ཡང་ནཱ་ཨོ་མིས་མནའ་མ་ལ། ངའི་བུ་མོ། ཞིང་གཞན་ཞིག་ཏུ་འགྲོ་མི་དགོས་པར། ཁོའི་གཡོག་མོ་རྣམས་དང་མཉམ་དུ་འགྲོ་བ་ལེགས་སོ་ཞེས་སྨྲས་སོ། ༢༣ དེ་ལྟར་ནས་དང་གྲོ་གཉིས་ཀྱི་སྟོན་ཐོག་གི་མཐའ་མའི་བར་དུ། སྒྲུག་པའི་ཕྱིར་དུ་བོ་ཨས་ཀྱི་གཡོག་མོ་རྣམས་དང་འགྲོགས་ཏེ། སྒྱུག་མོ་དང་མཉམ་དུ་གནས་སོ༎