རུད་ཀྱི་མདོ།
ཡང་ཁྲིམས་དཔོན་རྣམས་ཀྱིས་ཁྲིམས་གཅོད་པའི་ཚེ། ཡུལ་གྱི་ནང་ན་མུ་གེ་ཞིག་བྱུང་བས། ཡ་ཧུ་དཱ་ཡུལ་གྱི་བེད་ལེ་ཧེམ་གྱི་མི་ཞིག་ཆུང་མ་དང་བུ་གཉིས་དང་བཅས་ཏེ་མོ་ཨབ་ཡུལ་གྱི་ནང་ན་གནས་པའི་ཕྱིར་སོང་ངོ་།  དེ་རྣམས་ནི་ཡ་ཧུ་དཱ་ཡི་བེད་ལེ་ཧེམ་གྱི་ཨེབ་རད་པ་ཡིན་པ་དང་། མི་དེའི་མིང་ཨེ་ལི་མེ་ལེག་དང་། ཆུང་མའི་མིང་ནཱ་ཨོ་མི་དང་། བུ་གཉིས་ཀྱི་མིང་ལ་མག་ལོན་དང་ཁིལ་ཡོན་ཞེས་ཟེར་རོ། དེ་རྣམས་མོ་ཨབ་ཡུལ་དུ་སླེབས་ནས་དེར་གནས་སོ།  ཡང་ནཱ་ཨོ་མིའི་ཁྱོ་ཨེ་ལི་མེ་ལེག་ཤི་སྟེ། ནཱ་ཨོ་མི་དང་བུ་གཉིས་ལུས་སོ།  དེ་གཉིས་ཀྱིས་མོ་ཨབ་ཡུལ་གྱི་བུ་མོ་རྣམས་ཀྱི་ཁྲོད་ནས་ཆུང་མ་བླངས་ནས། གཅིག་གི་མིང་ནི་ཨོར་བཱ་དང་། གཞན་དེའི་མིང་ལ་རུད་ཅེས་ཟེར་རོ། དེ་རྣམས་ལོ་བཅུ་ཙམ་གྱི་བར་དུ་དེར་གནས་སོ།  ཡང་མག་ལོན་དང་ཁིལ་ཡོན་གཉིས་ཀ་ཤི་སྟེ། བུད་མེད་དེ་ནི་བུ་གཉིས་དང་ཁྱོ་དང་བྲལ་ཏེ་གཅིག་པོར་ལུས་སོ༎
 དེ་ནས་ཡ་ཧོ་ཝཱས་ཉིད་ཀྱི་འབངས་རྣམས་ལ་ཐུགས་བརྩེ་བར་དགོངས་ནས། དེ་དག་ལ་ཁ་ཟས་གནང་བའི་ལོན་དེ་མོ་ཨབ་ཡུལ་དུ་ཐོས་པས། མོ་ཨབ་ཡུལ་ནས་ལོག་པའི་ཕྱིར་མནའ་མ་གཉིས་དང་མཉམ་དུ་ལངས་སོ།  ཡང་བུད་མེད་དེ་ནི་མནའ་མ་གཉིས་དང་མཉམ་དུ་རང་གི་གནས་ས་ནས་ཐོན་ཏེ། ཡ་ཧུ་དཱ་ཡུལ་དུ་ལོག་པའི་ཕྱིར་ལམ་དུ་ཞུགས་སོ།  དེ་ནས་ནཱ་ཨོ་མིས་མནའ་མ་གཉིས་ལ། ཁྱོད་རེ་རེ་རང་གི་མའི་ཁང་པར་ལོག་ནས་སོང་ཞིག ཁྱོད་གཉིས་ཀྱིས་ཤི་མཁན་རྣམས་དང་ང་ལ་དྲིན་བྱས་པ་ལྟར། ཡ་ཧོ་ཝཱས་ཁྱོད་གཉིས་ལ་བཀའ་དྲིན་མཛད་པར་ཤོག་ཅིག  གལ་ཏེ་ཡ་ཧོ་ཝཱས་ཐུགས་རྗེ་གཟིགས་ན། ཁྱོད་རང་གི་ཁྱོའི་ཁང་པར་ཞི་བདེ་བར་གནས་པར་འགྱུར་རོ་ཞེས་སྨྲས་པ་དང་། དེ་གཉིས་ལ་འོ་བྱས་སོ། ༡༠ དེ་ནས་མནའ་མ་གཉིས་ཀྱིས་ངུ་འབོད་འདོན་ཞིང་། ང་གཉིས་ཁྱོད་དང་མཉམ་དུ་ཁྱོད་ཀྱི་བརྒྱུད་ཀྱི་རྩར་ལོག་པར་དགའོ། ཞེས་ཞུས་པས། ༡༡ ནཱ་ཨོ་མིས་སྨྲས་པ། ངའི་བུ་མོ་རྣམས་ལོག་ཅིག ང་དང་མཉམ་དུ་ཅིའི་ཕྱིར་འགྲོ། ཁྱོད་ཀྱི་ཁྱོ་ལ་འགྱུར་བའི་ཕྱིར་ངའི་མངལ་ན་ད་དུང་ཡང་བུ་ཡོད་དམ། ༡༢ ངའི་བུ་མོ་རྣམས་ད་ལོག་ཅིག ང་ནི་ཤིན་ཏུ་རྒད་མོ་ཡིན་པས། ཁྱོ་ཞིག་བླང་བའི་འོས་མིན་ཏེ། གལ་ཏེ་ངས། ང་ལ་རེ་བ་ཡོད་ཅེས་སྨྲས་ཏེ། མཚན་མོ་འདིར་ང་ལ་ཁྱོ་ཞིག་ཡོད་དེ། བུ་སྐྱེ་ན་ཡང་། ༡༣ དེ་ནི་ན་སོ་མ་ལོན་པའི་བར་དུ་ཁྱོད་གཉིས་སྒུག་པར་བྱའམ། དེའི་ཕྱིར་ཁྱོད་ཅག་གིས་ཁྱོ་མི་ལེན་ནམ། ངའི་བུ་མོ་རྣམས། ཁྱོད་ཀྱི་ཕྱིར་དུ་ང་ལ་སེམས་འཁྲལ་ཤིན་ཏུ་ཆེ་བ་འབྱུང་། དེ་ཅིའི་ཕྱིར་ཞེ་ན། ཡ་ཧོ་ཝཱའི་ཕྱག་གིས་ང་གནན་པར་མཛད་དོ། ༡༤ དེ་གཉིས་ཀྱིས་ཀུ་སྒྲ་བཏོན་ནས། ཡང་སྐྱར་ངུས་པས། ཨོར་བཱས་སྒྱུག་མོ་ལ་འོ་བྱས་སོ། འོན་ཀྱང་རུད་དེ་ལ་ཆགས་སོ༎
༡༥ དེ་ནས་སྒྱུག་མོས། ལྟོས་ཤིག ཁྱོད་ཀྱི་ཨ་ཆེ་ནི་རང་གི་མི་རྣམས་དང་རང་གི་ལྷའི་ཕྱོགས་སུ་ལོག་ཕྱིན་པས། ཁྱོད་ཀྱང་དེའི་རྗེས་སུ་ལོག་ཅིག་ཅེས་སྨྲས་ཀྱང་། ༡༦ རུད་ཀྱིས་ཞུས་པ། ང་དང་བྲལ་ཏེ་ལོག་ཅིག་ཅེས་ནན་གྱིས་མ་སྐུལ་ཞིག ཁྱེད་གང་དུ་འགྲོ་ན། ང་ཡང་འགྲོ། ཁྱོད་གང་དུ་གནས་ན། ང་ཡང་གནས། ཁྱེད་ཀྱི་བརྒྱུད་ནི་ངའི་བརྒྱུད་དང་། ཁྱེད་ཀྱི་དཀོན་མཆོག་ནི་ངའི་དཀོན་མཆོག་ཡིན། ༡༧ ཁྱེད་གང་དུ་འཆི་ན། དེ་རུ་ང་ཡང་ཤི་སྟེ་དུར་དུ་འཛུད་པར་འགྱུར། འཆི་བ་མ་གཏོགས་གཞན་ཅི་ཞིག་གིས་ཁྱེད་དང་ང་འཕྲལ་ན། གཙོ་བོས་ང་ལ་འདི་འདྲའམ། འདི་ལས་ཀྱང་ལྷག་པར་མཛད་པར་ཤོག་ཅེས་སྨྲས་སོ། ༡༨ རུད་ནི་མཉམ་དུ་འགྲོ་སེམས་བརྟན་པོ་སྐྱེད་པར་མཐོང་བས། ནཱ་ཨོ་མིས་གཏམ་བྱེད་འཕྲོ་བཞག་གོ། ༡༩ དེ་གཉིས་ཕྱིན་ནས། བེད་ལེ་ཧེམ་དུ་བསླེབས་པའི་ཚེ། དེ་གཉིས་ཀྱི་ཕྱིར་གྲོང་ཁྱེར་ཚང་མ་རུ་གཏམ་རྒྱས་སོ། ཧི་ལིངས་བྱུང་ནས། བུད་མེད་རྣམས་ཀྱིས། འདི་ནི་ནཱ་ཨོ་མི་ཡིན་ནམ། ཞེས་སྨྲས་པ་དང་། ༢༠ མོས་དེ་དག་ལ། ང་ལ་ནཱ་ཨོ་མི་༼བོད་སྐད་དུ་དགའ་བ་༽མ་ཟར་ཞིག ང་ལ་མ་རཱ་༼བོད་སྐད་དུ་ཁ་བ་༽ཟེར་མིང་ཐོགས་ཤིག དེ་ཅིའི་ཕྱིར་ཞེ་ན། ཀུན་དབང་གིས་ང་ལ་ཤིན་ཏུ་དཀའ་བ་བསྟེན་བྱུང་བའི་ཕྱིར་རོ། ༢༡ ང་ལྟེམ་གང་ནས་སོང་བ་ཡིན་ཏེ། ཡ་ཧོ་ཝཱས་ང་སྟོང་པར་ཕྱིར་ལོག་ཁྱིམ་དུ་དྲངས། ཡ་ཧོ་ཝཱས་ང་ལ་སྡང་བར་མཛད་ཅིང་། ཀུན་དབང་གིས་ང་ལ་སྡུག་པོ་གནང་བ་བཞིན་དུ། ཁྱོད་རྣམས་ཀྱིས་ང་ལ་ནཱ་ཨོ་མི་ཅིའི་ཕྱིར་ཟེར་ཞེས་སྨྲས་སོ༎
༢༢ དེ་ལྟར་ནཱ་ཨོ་མི་རང་གི་མནའ་མ་རུདམོ་ཨབ་མ་དེ་དང་མཉམ་དུ་མོ་ཨབ་ཡུལ་ནས་ལོག་པ་དང་། ནས་མ་རྔས་གོང་དུ་བེད་ལེ་ཧེམ་དུ་བསླེབས་སོ༎