ཁྲིམས་དཔོན་གྱི་མདོ།
ཡོ་ཤུ་ཨ་ཚེ་འདས་པའི་རྗེས་སུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ། ཀ་ན་ཨན་པ་རྣམས་ལ་འཐབ་འཛིང་བྱེད་པའི་ཕྱིར་བདག་ཅག་གི་ནང་ནས་སྔོན་དུ་སུ་འགྲོ་བར་བྱ། ཞེས་ཐུགས་བརྟག་ཞུས་པ་དང་།  ཡ་ཧོ་ཝཱས་གསུངས་པ། ཡ་ཧུ་དཱ་འགྲོ་བར་རུང་། ལྟོས་ཤིག ཡུལ་དེ་ཁོའི་ལག་ཏུ་བཏད་པ་ཡིན་ནོ།  དེར་ཡ་ཧུ་དཱས་རང་གི་སྤུན་ཤིམ་ཨོན་ལ་འདི་སྐད་དུ། ཁྱོད་ང་དང་མཉམ་དུ་ངའི་ས་སྐལ་ཡོད་ས་ལ་ཤོག་ལ། ངེད་གཉིས་ཀྱིས་ཀ་ན་ཨན་པ་རྣམས་ལ་འཐབ་འཛིང་བྱེད་པར་བྱ། དེ་ནས་ང་ཡང་ཁྱོད་དང་མཉམ་དུ་ཁྱོད་ཀྱི་ས་སྐལ་ལ་འགྲོ་བར་འགྱུར། ཞེས་སྨྲས་ནས་ཤིམ་ཨོན་དེ་དང་མཉམ་དུ་ཕྱིན་ཏོ།  ཡང་ཡ་ཧུ་དཱ་ཡར་སོང་ནས། ཡ་ཧོ་ཝཱས་ཀ་ན་ཨན་པ་དང་ཕེ་རི་ཟི་པ་རྣམས་དེ་དག་གི་ལག་ཏུ་གནང་ནས། དེ་དག་གིས་བེ་ཙེག་ཏུ་དམག་མི་ཁྲི་གཅིག་འཕམ་པར་བྱས་སོ།  བེ་ཙེག་ཏུ་ཨ་དོ་ནི་བེ་ཙེག་དང་ཕྲད་པ་ལས། དེ་དང་འཐབ་འཛིང་བྱས་ཏེ། ཀ་ན་ཨན་པ་དང་ཕེ་རི་ཟི་པ་རྣམས་འཕམ་པར་བྱས་སོ།  ཨ་དོ་ནི་བེ་ཙེག་བྲོས་པ་དང་། དེ་དག་རྗེས་སུ་དེད་ཅིང་བཟུང་ནས། རྐང་ལག་གཉིས་ཀྱི་མཐེ་བོ་རྣམས་བཅད་དོ།  དེར་ཨ་དོ་ནི་བེ་ཙེག་གིས་འདི་སྐད་དུ། རྐང་ལག་གཉིས་པོའི་མཐེ་བོ་རྣམས་བཅད་ཡོད་པའི་རྒྱལ་པོ་བདུན་ཅུས་ངའི་རྒྱ་ལྕོག་གི་འོག་ཏུ་ཤའི་དུམ་བུ་བསྒྲུགས་པ་ཡིན། ང་རང་གིས་བྱས་པ་ལྟར་དཀོན་མཆོག་གིས་ང་ལ་ལན་གནང་བྱུང་ཞེས་སྨྲས་སོ། ཡང་དེ་དག་གིས་ཁོ་ཡེ་རུ་ཤ་ལེམ་དུ་ཁྱེར་ནས་དེ་རུ་ཤིའོ༎
 ཡང་ཡ་ཧུ་དཱའི་བུ་རྣམས་ཀྱིས་ཡེ་རུ་ཤ་ལེམ་ལ་འཐབ་འཛིང་བྱས་ཏེ་བཟུང་ནས། རལ་གྲིའི་སོ་ཡིས་བརྡུངས་པ་དང་། གྲོང་ཁྱེར་མེས་བསྲེགས་སོ།  དེའི་རྗེས་སུ་ཡ་ཧུ་དཱའི་བུ་རྣམས་ཕུ་དང་ལྷོ་ཡུལ་དང་མདོ་གསུམ་ན་གནས་པའི་ཀ་ན་ཨན་པ་རྣམས་ལ་འཐབ་འཛིང་བྱེད་པའི་ཕྱིར་མར་སོང་ངོ་། ༡༠ ཡང་ཡ་ཧུ་དཱ་་ཧེབ་རོན་ལ་གནས་པའི་ཀ་ན་ཨན་པ་རྣམས་ཀྱི་ཐོག་ཏུ་སོང་ནས། ཤེ་ཤཱ་ཨི་དང་ཨ་ཧི་མན་དང་ཐལ་མཱ་ཨི་གསུམ་འཕམ་པར་བྱས་སོ། ཡང་ཧེབ་རོན་གྱི་མིང་སྔོན་ལ་ཁིར་ཡད་ཨར་བཱ་ཡོད་པ་ཡིན།
༡༡ དེ་ནས་དཱེ་བིར་པ་རྣམས་ཀྱི་ཕྱོགས་སུ་སོང་ངོ་། དཱེ་བིར་གྱི་མིང་ནི་སྔར་གྱི་དུས་སུ་ཁིར་ཡད་སེ་ཕེར་ཞེས་ཟེར་རོ། ༡༢ ཡང་ཀ་ལེབ་ཀྱིས། སུས་ཁིར་ཡད་སེ་ཕེར་འཕམ་པར་བྱས་ཤིང་བཟུང་བ་དེ་ལ་ངའི་བུ་མོ་ཨག་སཱ་བག་མར་གཏོང་བར་བྱ་ཞེས་སྨྲས་སོ། ༡༣ དེར་ཁེ་ནཱས་ཀྱི་བུ་ཀ་ལེབ་ཀྱི་ནུ་བོ་ཨོད་ནི་ཨེལ་གྱིས་ཡུལ་དེ་བཅོམས་པ་ལས། བུ་མོ་ཨག་སཱ་དེ་ལ་བག་མར་བཏང་ངོ་། ༡༤ ཡང་མོ་ཁོའི་དྲུང་དུ་འོངས་པའི་ཚེ་ཁོས་དེ་ལ། ཕ་ནས་ཞིང་ཞིག་ཞུ་དགོས་ཤེས་བསྐུལ་བ་དང་། ཁོ་བོང་བུ་ནས་བབ་བོ། དེར་ཀ་ལེབ་ཀྱིས་མོ་ལ། ཁྱོད་ལ་ཅི་འདོད། ༡༥ ཅེས་དྲིས་པའི་ལན་དུ་མོས་ཁོ་ལ། ང་ལ་བྱིན་རླབས་ཤིག་གནོང་ཞིག ཁྱེད་ཀྱིས་ང་ལྷོ་ཕྱོགས་ཀྱི་གནས་སུ་བཞག་པས། ཆུ་མིག་རྣམས་ཀྱང་ང་ལ་སྩོལ་ཞིག་ཅེས་ཞུས་པས། ཀ་ལེབ་ཀྱིས་མོ་ལ་སྟོད་སྨད་གཉིས་ཀྱི་ཆུ་མིག་རྣམས་བཏད་དོ༎
༡༦ དེ་ནས་མོ་ཤེའི་གྱོས་པོ་ཀེ་ནི་བྱ་བ་དེའི་བུ་རྣམས་ཡ་ཧུ་དཱའི་བུ་རྣམས་དང་མཉམ་དུ་ཁ་ཟུར་ཤིང་གི་གྲོང་ཁྱེར་ནས་ཨ་རཱད་ཀྱི་ལྷོ་ཕྱོགས་སུ་ཡོད་པའི་ཡ་ཧུ་དཱ་བྱ་བའི་འབྲོག་སྟོང་དུ་སོང་ངོ་། དེ་རུ་སོང་ནས་མི་བརྒྱུད་དེའི་ཁྲོད་དུ་གནས་སོ། ༡༧ ཡང་ཡ་ཧུ་དཱ་རང་གི་སྤུན་ཤིམ་ཨོན་དང་མཉམ་དུ་སོང་ནས། ཚེ་ཕད་ལ་གནས་པའི་ཀ་ན་ཨན་པ་རྣམས་བཅོམས་ཤིང་བཤིག་ནས། གྲོང་ཁྱེད་དེའི་མིང་ཧོར་མཱ་ཞེས་བཏགས་སོ། ༡༨ ཡང་ཡ་ཧུ་དཱས་ག་ཟཱ་ཡུལ་འཁོར་དང་། ཨས་ཀ་ལོན་ཡུལ་འཁོར་དང་། ཨེག་རོན་ཡུལ་འཁོར་དང་བཅས་པ་བཟུང་ངོ་། ༡༩ ཡང་ཡ་ཧོ་ཝཱ་ཡ་ཧུ་དཱ་དང་འགྲོགས་ཏེ། དེས་ཡུལ་སྟོད་ཀྱི་མི་རྣམས་བཟུང་ངོ་། ཡུལ་སྨད་པ་རྣམས་ལ་ལྕགས་ཀྱི་ཤིང་རྟ་ཡོད་པས། བསྐྲད་པར་མ་ནུས། ༢༠ མོ་ཤེས་བཀའ་སྩལ་པ་བཞིན་དུ་དེ་དག་གིས་ཀ་ལེབ་ལ་ཧེབ་རོན་བཏད་པ་དང་། དེས་ཨ་ནག་གི་བུ་གསུམ་དེའི་ནང་ནས་བཏོན་ཏོ། ༢༡ ཡང་བེན་ཡ་མིན་གྱི་བུ་རྣམས་ཀྱིས་ཡེ་རུ་ཤ་ལེམ་དུ་གནས་པའི་ཡེ་བུས་པ་རྣམས་མ་བཏོན་ཏེ། དེ་རིང་གི་བར་དུ་ཡེ་བུས་པ་རྣམས་ནི་བེན་ཡ་མིན་གྱི་བུ་རྣམས་དང་མཉམ་དུ་དེར་གནས་སོ༎
༢༢ ཡོ་སེབ་ཀྱི་བརྒྱུད་ཀྱང་བེད་ཨེལ་དུ་ཡར་སོང་སྟེ། ཡ་ཧོ་ཝཱ་དེ་དག་དང་འགྲོགས་སོ། ༢༣ ཡང་ཡོ་སེབ་ཀྱི་བརྒྱུད་ཀྱིས་བེད་ཨེལ་དུ་སོ་པ་བཏང་ངོ་། གྲོང་ཁྱེར་དེའི་མིང་ནི་སྔོན་དུས་སུ་ལུས་ཟེར་བ་ཡིན། ༢༤ སོ་པ་རྣམས་ཀྱིས་གྲོང་ཁྱེར་ལས་ཐོན་པའི་མི་ཞིག་མཐོང་སྟེ་དེ་ལ། གྲོང་ཁྱེར་གྱི་ནང་དུ་འཛུལ་བའི་ཐབས་ཤིག་སྟོན་རོགས་གནང་ན། ང་ཚོས་ཁྱོད་ལ་དྲིན་བྱའོ་ཞེས་སྨྲས་པ་ལས། ༢༥ དེས་གྲོང་ཁྱེར་ལ་འཛུལ་ཐབས་ཤིག་བསྟན་ཏོ། དེ་དག་གིས་གྲོང་ཁྱེར་དེ་རལ་གྲིའི་སོ་ཡིས་བརྡུངས་ཀྱང་། མི་དེ་དང་དེའི་བརྒྱུད་ཐམས་ཅད་ལ་མ་བརྡུངས་པར་བཏང་ངོ་། ༢༦ མི་དེ་ཧེད་པའི་ཡུལ་དུ་ཕྱིན་ཏེ། གྲོང་ཁྱེར་ཞིག་བརྩིགས་ནས། དེའི་མིང་ལུས་བཏགས་སོ། དེ་རིང་གི་བར་དུ་ཡང་དེའི་མིང་དེ་སྐད་ཟེར་རོ༎
༢༧ ཡང་བེད་ཤེ་ཨན་དང་དེའི་གྲོང་ཁྱེར་རྣམས་དང་། ཐ་ཨ་ནག་དང་དེའི་གྲོང་ཁྱེར་རྣམས་དང་། དཱོར་པ་དང་དེའི་གྲོང་ཁྱེར་རྣམས་དང་། ཡིབ་ལེ་ཨམ་དང་དེའི་གྲོང་ཁྱེར་རྣམས་དང་། མེ་གིད་དོ་པ་དང་དེའི་གྲོང་ཁྱེར་རྣམས་མ་ན་ཤེས་མ་བསྐྲད་དོ། འོན་ཀྱང་ཀ་ན་ཨན་པ་རྣམས་ཡུལ་དེ་ན་གནས་པར་དགའོ། ༢༨ དེ་ལྟར་ཨིས་ར་ཨེལ་དབང་དང་ལྡན་པར་གྱུར་ནས། ཀ་ན་ཨན་པ་རྣམས་ལ་འུ་ལག་བསྐུལ་ཕྱིར་དུ་ཡོངས་སུ་མ་བསྐྲད་དོ༎
༢༩ ཡང་ཨེབ་ར་ཨིམ་གྱིས་གནས་པའི་ཀ་ན་ཨན་པ་རྣམས་མ་བཏོན་པས། ཀ་ན་ཨན་པ་རྣམས་དེ་དག་གི་ཁྲོད་དུ་གེ་ཟེར་དུ་གནས་སོ༎
༣༠ ཟེ་བུ་ལོན་གྱིས་ཁིད་རོན་པ་རྣམས་དང་ན་ཧ་ལལ་པ་རྣམས་མ་བསྐྲད་པས། ཀ་ན་ཨན་པ་རྣམས་དེ་དག་གི་ཁྲོད་དུ་གནས་ཏེ། དེ་དག་གིས་དཔྱ་ཁྲལ་འབུལ་རྒྱུ་བྱས།
༣༡ ཨ་ཤེར་གྱིས་ཨ་ཀོ་པ་རྣམས་དང་། ཚི་དོན་པ་རྣམས་དང་། ཨ་ཧེ་ལབ་པ་རྣམས་དང་། ཨག་ཟིབ་པ་རྣམས་དང་། ཧེལ་བཱ་པ་རྣམས་དང་། ཨ་ཕིག་པ་རྣམས་དང་། རེ་ཧོབ་པ་རྣམས་མ་བསྐྲད་པས། ༣༢ ཨ་ཤེར་པ་རྣམས་ཡུལ་དེ་ལ་གནས་པའི་ཀ་ན་ཨན་པའི་ཁྲོད་དུ་གནས་སོ། དེ་ཅིའི་ཕྱིར་ཞེ་ན། དེ་དག་མ་བསྐྲད་པའི་ཕྱིར་རོ༎
༣༣ ནབ་ཐ་ལི་ཡིས་བེད་ཤེ་མེས་པ་རྣམས་དང་བེད་ཨ་ནད་པ་རྣམས་མ་བསྐྲད་དེ། ཡུལ་དེ་ལ་གནས་པའི་ཀ་ན་ཨན་པའི་ཁྲོད་དུ་གནས་ཏེ། བེད་ཤེ་མེས་པ་དང་བེད་ཨ་ནད་པ་རྣམས་ཀྱིས་དཔྱ་ཁྲལ་འབུལ་རྒྱུ་བྱས་སོ༎
༣༤ ཡང་ཨ་མོར་པ་རྣམས་ཀྱིས་དཱན་གྱི་བུ་རྣམས་ལུང་པ་རུ་འོང་དུ་མ་བཅུག་པར། རི་ཁྲོད་དུ་ནན་གྱིས་དེད་དོ། ༣༥ ཡང་ཨ་མོར་པ་རྣམས་ཧེ་རེས་རི་དང་། ཨ་ཡ་ལོན་དང་། ཤ་ཨལ་བིམ་དུ་གནས་ཆོག་གོ། འོན་ཀྱང་ཡོ་སེབ་ཀྱི་བརྒྱུད་ཀྱིས་དབང་བྱས་ནས། དེ་རྣམས་ཀྱིས་དཔྱ་ཁྲལ་འབུལ་རྒྱུ་བྱས་སོ། ༣༦ ཡང་ཨ་མོར་པའི་ས་མཚམས་ནི་ཨག་རབ་བིམ་གྱི་ཕྲེད་ནས་བྲག་ནས་གྱེན་དུ་ཕྱིན་ཏོ༎