༢༤
ཡང་ཡོ་ཤུ་ཨས་ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་སི་ཀེམ་དུ་བསྡུས་ནས། ཨིས་ར་ཨེལ་གྱི་རྒན་པོ་རྣམས་དང་འགོ་བྱེད་རྣམས་དང་ཁྲིམས་དཔོན་རྣམས་དང་འགོ་པ་རྣམས་བོས་པ་དང་། དེ་དག་དཀོན་མཆོག་གི་དྲུང་དུ་བྱུང་ངོ་།  ཡང་ཡོ་ཤུ་ཨས་མི་སྡེ་ཐམས་ཅད་ལ་འདི་སྐད་དུ། ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གིས་འདི་སྐད་དུ། སྔོན་འདས་པའི་དུས་སུ་ཁྱེད་ཀྱི་མེས་པོ་རྣམས་སམ། ཨབ་ར་ཧམ་དང་ན་ཧོར་གྱི་ཕ་ཐ་རཱ་གཙང་པོའི་ཕ་རོལ་ན་གནས་ཤིང་གཞན་ལྷ་རྣམས་ལ་རིམ་གྲོ་བྱས་པ་ལས།  ངས་ཁྱེད་ཀྱི་ཕ་ཨབ་ར་ཧམ་གཙང་པོའི་ཕ་རོལ་ནས་ཁྲིད་དེ་ཀ་ན་ཨན་ཡུལ་ཀུན་ཏུ་རྒྱུ་རུ་བཅུག་ནས་དེའི་བརྒྱུད་སྤེལ་ཞིང་བུ་ཨི་སཱག་དེ་ལ་གནང་བ་ཡིན།  ཨི་སཱག་ལ་ངས་བུ་ཡ་ཀོབ་དང་ཨེ་སབ་བསྩལ་ནས་ཨེ་སབ་ལ་རི་རྒྱུད་སེ་ཨིར་བདག་ཏུ་འཛིན་པའི་ཕྱིར་གནང་གི། ཡ་ཀོབ་བུ་རྣམས་དང་བཅས་པ་མི་སེར་ཡུལ་དུ་མར་སོང་ངོ་།  ཡང་ངས་མོ་ཤེ་དང་ཨ་རོན་གཉིས་བཏང་ནས་མི་སེར་ཡུལ་གྱི་དབུས་སུ་བྱ་བ་བྱས་པ་བཞིན་དུ་ཡུལ་དེ་ལ་སྡུག་བསྔལ་འབྱུང་བཅུག་པ་དང་། དེའི་འོག་ཏུ་ངས་དེ་དག་ཕྱི་རོལ་ཏུ་ཁྲིད་དོ།  ཡང་ངས་ཁྱེད་ཀྱི་ཕ་མེས་རྣམས་མི་སེར་ཡུལ་ནས་ཁྲིད་པས་རྒྱ་མཚོ་རུ་ཕྱིན་ནས་མི་སེར་པ་རྣམས་ཤིང་རྟ་དང་རྟ་པ་རྣམས་དང་བཅས་སུ་ཁྱེད་ཀྱི་ཕ་མེས་རྣམས་ཀྱི་རྗེས་སུ་རྒྱ་མཚོ་དམར་པོའི་བར་དུ་བདས་སོ།  དེའི་ཚེ་དེ་དག་གིས་ཡ་ཧོ་ཝཱའི་ཕྱོགས་སུ་འོ་དོད་བཏོན་པས་ཁྱེད་རང་དང་མི་སེར་པ་རྣམས་ཀྱི་བར་ལ་མུན་པ་ཞིག་བཞག་པ་དང་། རྒྱ་མཚོ་དེ་དག་གི་ཐོག་ཏུ་དྲངས་ནས་བཀབ་པ་ཡིན། ངས་མི་སེར་པ་རྣམས་ལ་བྱས་པ་ཁྱེད་ཀྱི་མིག་གིས་མཐོང་། ཡང་ཁྱེད་ཅག་ཡུན་རིང་ཞིག་འབྲོག་སྟོང་ན་གནས་སོ།  ཡང་ངས་ཁྱེད་ཅག་ཡོར་དན་ཆུའི་ཕ་རོལ་ན་གནས་པའི་ཨ་མོར་པ་རྣམས་ཀྱི་ཡུལ་དུ་ཁྲིད་པས། དེ་དག་གིས་ཁྱེད་ལ་དམག་དྲངས་ཀྱི། ངས་དེ་དག་ཁྱེད་ཀྱི་ལག་ཏུ་གནང་བས་ཁྱེད་ཀྱིས་དེ་དག་གི་ཡུལ་བཅོམ་པ་དང་། ངས་དེ་དག་ཁྱེད་ཀྱི་མདུན་ལས་མེད་པར་བྱས་སོ།  དེ་ནས་མོ་ཨབ་ཀྱི་རྒྱལ་པོ་ཚིབ་ཕོར་གྱི་བུ་བ་ལག་ལངས་ནས་ཨིས་ར་ཨེལ་ལ་འཐབ་མོ་བྱས་པ་དང་། བེ་ཨོར་གྱི་བུ་བ་ལ་ཨམ་ནི་ཁྱེད་ལ་སྨོན་ལོག་བྱེད་པའི་ཕྱིར་འབོད་དུ་བཅུག་གོ། ༡༠ འོན་ཀྱང་ངས་བ་ལ་ཨམ་ལ་མ་ཉན་པར་ཁྱེད་ལ་བྱིན་རླབས་བྱེད་ཅིང་ཁྱེད་དེའི་ལག་པ་ལས་བསྒྲལ་ལོ། ༡༡ ཡང་ཁྱེད་ཡོར་དན་ཆུའི་ཕ་རོལ་ཏུ་སོང་ནས་ཡེ་རི་ཀོའི་མདུན་དུ་ཕྱིན་པ་དང་། ཡེ་རི་ཀོའི་ཡུལ་མི་དང་ཨ་མོར་པ་དང་ཕེ་རི་ཟི་པ་དང་ཀ་ན་ཨན་པ་དང་ཧེད་པ་དང་གིར་ག་ཤི་པ་དང་ཧི་ཝི་པ་དང་ཡེ་བུས་པ་རྣམས་ཀྱིས་ཁྱེད་ལ་འཐབ་པས། ངས་དེ་དག་ཁྱེད་ཀྱི་ལག་ཏུ་གནང་བ་ཡིན། ༡༢ ཡང་ངས་ཁྱེད་ཀྱི་མདུན་དུ་ལིང་གོལ་མ་བཏང་བས་དེས་ནི་དེ་དག་ཁྱེད་ཀྱི་མདུན་ནས་བསྐྲད་ཅིང་། ཨ་མོར་པའི་རྒྱལ་པོ་དེ་གཉིས་ཁྱེད་ཀྱི་རལ་གྲིའམ་གཞུའི་རྐྱེན་གྱིས་སྐྲོད་པར་མ་གྱུར་ཏོ། ༡༣ ཁྱེད་ཀྱིས་མ་འབད་པའི་ཡུལ་དང་། གཞིས་འཛིན་པའི་ཕྱིར་ཁྱོད་ཀྱིས་མ་རྩིགས་པའི་གྲོང་ཁྱེར་རྣམས་དང་། ཁ་ཟས་སུ་ཁྱེད་ཀྱིས་མ་བཙུགས་པའི་རྒུན་ཚལ་དང་ཁ་སྐྱུར་པོའི་ཤིང་རྣམས་ངས་ཁྱེད་ལ་གནང་བ་ཡིན།
༡༤ ད་ཡ་ཧོ་ཝཱ་ལ་བག་བྱེད་དེ་སེམས་དྲང་ཞིང་དྲང་པོས་ཁོང་ལ་བསྙེན་བཀུར་བྱོས་ལ། གང་ལ་གཙང་པོའི་ཕ་རོལ་དང་མི་སེར་ཡུལ་ན་ཁྱེད་ཀྱི་མེས་པོ་རྣམས་ཀྱིས་རིམ་གྲོ་བྱས་པའི་ལྷ་རྣམས་བསྐྱུར་ནས་ཡ་ཧོ་ཝཱ་ལ་རིམ་གྲོ་བྱོས་ཤིག ༡༥ གལ་ཏེ་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱེད་པ་ལ་ཁྱེད་ཀྱི་སྣང་ངོར་མི་དགའ་བ་ཞིག་ཡིན་ན། གང་ལ་ཁྱེད་ཀྱི་ཕ་མེས་རྣམས་ཀྱིས་གཙང་པོའི་ཕ་རོལ་ན་རིམ་གྲོ་བྱས་པའི་ལྷ་རྣམས་སམ། ཨ་མོར་པ་རྣམས་ཀྱི་ཡུལ་གང་ན་ཁྱེད་གནས་པའི་ལྷ་རྣམས་དེ་གཉིས་ལ་གང་ལ་ཁྱེད་ཀྱིས་རིམ་གྲོ་བྱེད་པ་ལ་དགའ་བ་དེ་རིང་གི་ཉིན་ལ་འདམ་པར་གྱིས་ཤིག འོན་ཀྱང་ང་ནི་ངའི་ཁྱིམ་དང་བཅས་པས་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱེད་པར་བྱ།
༡༦ ཞེས་སྨྲས་པའི་ལན་དུ་མི་སྡེས། ངེད་ཀྱིས་གཞན་ལྷ་རྣམས་ལ་རིམ་གྲོ་བྱེད་དུ་ཡ་ཧོ་ཝཱ་འབོར་བ་མ་སྲིད་ཅིག ༡༧ ཡ་ཧོ་ཝཱ་ནི་ངེད་ཀྱི་དཀོན་མཆོག་ལགས་ཏེ་ཁོང་གིས་ངེད་དང་ཕ་མེས་རྣམས་བྲན་འཁོལ་བའི་ཁང་པ་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་ཁྲིད་དེ། ངེད་ཀྱི་མཐོང་ངོར་ལྟས་དེ་ཙམ་ཆེ་བ་རྣམས་མཛད་ནས། ངེད་འགྲོ་བའི་ལམ་ཐམས་ཅད་དང་མི་བརྒྱུད་གང་རྣམས་ཀྱི་དབུས་སུ་ངེད་རྒྱུ་སྐབས་ཐམས་ཅད་དུ་ངེད་སྐྱོང་བར་མཛད་དོ། ༡༨ དེའང་མི་བརྒྱུད་ཐམས་ཅད་དང་ངེད་ཀྱི་གོང་དུ་ཡུལ་ན་གནས་པའི་ཨ་མོར་པ་རྣམས་ཡ་ཧོ་ཝཱས་བསྐྲད་དོ། དེ་ནས་ཡ་ཧོ་ཝཱ་ནི་ངེད་ཀྱི་དཀོན་མཆོག་ལགས་པས་ངེད་ཀྱིས་ཁོང་ལ་བསྙེན་བཀུར་བྱེད་པར་བྱ་ཞེས་ཟེར་ཏོ༎
༡༩ ཡང་ཡོ་ཤུ་ཨས་མི་སྡེ་ལ་ཡ་ཧོ་ཝཱ་ནི་དཀོན་མཆོག་དམ་པ་འཁྲེན་ཅན་ལགས་པས་ཁྱེད་ཀྱིས་ཁོང་ལ་བསྙེན་བཀུར་བྱེད་པར་མི་ནུས། ཁྱེད་ཀྱི་ཉེས་པ་དང་སྡིག་པ་རྣམས་སེལ་བར་མཛད་པར་མི་འགྱུར་རོ། ༢༠ ཁྱེད་ཀྱིས་གལ་ཏེ་ཡ་ཧོ་ཝཱ་འབོར་ཏེ་མི་ཡན་པ་རྣམས་ཀྱི་ལྷ་རྣམས་ལ་རིམ་གྲོ་བྱེད་ན། ཁོང་གིས་སྔར་ཁྱེད་ལ་བཀའ་དྲིན་མཛད་པའི་འོག་ཏུ་ཁྱེད་ལ་བཀའ་ཆད་གཅོད་ཅིང་མེད་པར་མཛད་པའི་ཕྱོགས་སུ་ཉིད་ཀྱི་ཐུགས་ལོག་པར་འགྱུར་རོ་ཞེས་སྨྲས་སོ། ༢༡ དེར་མི་སྡེས་ཡོ་ཤུ་ཨ་ལ། དེ་ལྟར་མི་བྱ། ངེད་ཀྱིས་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱེད་པར་བྱ་ཟེར་བ་དང་། ༢༢ ཡོ་ཤུ་ཨས་མི་སྡེ་ལ་ཁྱེད་རང་གིས་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱེད་པ་འདམས་པའི་ཕྱིར་ཁྱེད་ཀྱིས་རང་ལ་དཔང་བྱེད་དོ་ཟེར་བའི་ལན་དུ་དེ་དག་གིས། དཔང་པོ་ཡིན་བྱས་པ་དང་། ༢༣ དེ་ན་རེ། ད་ཁྱེད་ཀྱི་ཁྲོད་ན་ཡོད་པའི་ཕྱི་པའི་ལྷ་རྣམས་སྤོངས་ཤིག ཁྱེད་ཀྱི་སྙིང་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་ཕྱོགས་སུ་སྒྱུར་ཅིག ༢༤ མི་སྡེས་ཡོ་ཤུ་ཨ་ལ་ངེད་ཀྱིས་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་ལ་བསྙེན་བཀུར་བྱེད་དེ་ཁོང་གི་བཀའ་ལ་ཉན་པར་བྱའོ་ཞེས་ཟེར་ཏོ། ༢༥ དེར་ཡོ་ཤུ་ཨས་ཉིན་དེ་ཉིད་དུ་མི་སྡེ་དང་ཁ་ཆད་བྱེད་ཅིང་སི་ཀེམ་ན་དེ་དག་ལ་སྤྱད་མཚམས་དང་ཁྲིམས་རྣམས་བཀོད་དོ། ༢༦ ཡང་ཡོ་ཤུ་ཨས་བྱ་བ་དེ་དག་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་གླེགས་བམ་ན་ཡི་གེར་བཀོད་ནས། རྡོ་ཆེན་པོ་ཞིག་ཁྱེར་ཞིང་ཡ་ཧོ་ཝཱའི་བཞུགས་སར་ཡོད་པའི་བེ་ཤིང་གི་འོག་ཏུ་བསླངས་སོ། ༢༧ ཡང་ཡོ་ཤུ་ཨས་མི་སྡེ་ཐམས་ཅད་ལ། ཀྱེ་ཧོ་རྡོ་འདིས་ནི་ཡ་ཧོ་ཝཱས་ངེད་ལ་ཅི་དང་ཅི་གསུངས་པ་ཐམས་ཅད་ཐོས་པས། ངེད་ལ་དཔང་པོར་གྱུར་པས། ཁྱེད་ཀྱིས་རང་གི་དཀོན་མཆོག་ལ་ངོ་ལོག་མི་བྱེད་པའི་དོན་དུ་ཁྱེད་ལ་དཔང་པོ་བྱེད་པར་དགོས་ཞེས་སྨྲས་པའི་འོག་ཏུ། ༢༨ ཡོ་ཤུ་ཨས་མི་སྡེ་རང་རང་གི་ས་སྐལ་དུ་བཏང་ངོ་༎
༢༩ བྱ་བ་དེའི་རྗེས་སུ་ཡ་ཧོ་ཝཱའི་བྲན་ནུན་གྱི་བུ་ཡོ་ཤུ་ཨ་ལོ་བརྒྱ་དང་བཅུ་ལོན་ཏེ་ཚེ་འདས་ཏེ། ༣༠ དེ་རང་གི་ས་སྐལ་གྱི་ཡུལ་འཁོར་རི་ཨེབ་ར་ཨིམ་ན་རི་གཱ་ཨས་ཀྱི་བྱང་ཕྱོགས་སུ་ཐིམ་ནད་སེ་རཱ་རུ་དུར་དུ་བཙུད་དོ༎
༣༡ ཡང་ཡོ་ཤུ་ཨའི་ཚེ་གང་དང་། ཡ་ཧོ་ཝཱས་ཨིས་ར་ཨེལ་ལ་མཛད་པའི་བཀའ་ཐམས་ཅད་ངོ་ཤེས་པའི་རྒན་པོ་ཡོ་ཤུ་ཨའི་འོག་ཏུ་དུས་རིང་ཞིག་གསོན་པ་རྣམས་ཀྱི་ཚེ་གང་གི་བར་དུ་ཨིས་ར་ཨེལ་གྱིས་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱས་སོ༎
༣༢ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་མི་སེར་ཡུལ་ནས་ཡར་འཁྱེར་འོངས་པའི་ཡོ་སེབ་ཀྱི་རོ་སི་ཀེམ་ན་ཡ་ཀོབ་ཀྱིས་ཞིང་གི་ཆ་གཅིག་སི་ཀེམ་གྱི་ཕ་ཧ་མོར་གྱི་བུ་རྣམས་ནས་ཀ་སི་ཐཱ་བྱ་བ་བརྒྱའི་རིན་དུ་ཉོས་པ་དེར་དུར་དུ་བཙུད་པས། ཡོ་སེབ་ཀྱི་བུ་རྣམས་ཀྱི་ས་སྐལ་དུ་གྱུར་ཏོ༎
༣༣ ཡང་ཨ་རོན་གྱི་བུ་ཨེལ་ཨ་ཟར་ཚེ་འདས་ནས། བུ་ཕི་ནེ་ཧས་ལ་རི་ཨེབ་ར་ཨིམ་ན་བྱུང་བའི་གྲོང་ཁྱེར་གི་བེ་ཨ་རུ་དུར་དུ་བཙུད་དོ༎ ༎