བཀའ་ལུང་ངམ་མོ་ཤེའི་མདོ་ལྔ་པ་བྱ་བ།
༡
མོ་ཤེས་ཨིས་ར་ཨེལ་ཐམས་ཅད་ལ་བྱས་པའི་གཏམ་འདི་ལྟར་རོ། གང་ན་བྱས་ཤེ་ན། ཡོར་དན་ཆུའི་ཕ་རོལ་ན་ཡོད་པའི་འབྲོག་སྟོང་། སུབ་ཀྱི་ཐད་དུ་ཕ་རན་དང་ཏོ་ཕེལ་དང་ལ་བན་དང་ཧ་ཚེ་རོད་དང་དི་ཟ་ཧཱབ་ལྔའི་བར་ལ་ཡོད་པའི་ཐང་ན་བྱས་སོ། ༢ ཧོ་རེབ་ནས་རི་རྒྱུད་སེ་ཨིར་བྱ་བའི་ལམ་ལ་འཇུག་ནས་ཁ་དཱེས་བར་ནེ་ཨ་ཡི་བར་དུ་ཞག་བཅུ་གཅིག་གི་ལམ་ཡིན་ནོ། ༣ ཡང་ལོ་བཞི་བཅུ་པའི་ཟླ་བ་བཅུ་གཅིག་པའི་ཚེས་དང་པོ་ལ་མོ་ཤེས་ཡ་ཧོ་ཝཱས་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཕྱིར་དེ་ལ་བཀའ་གནང་བ་ཐམས་ཅད་བཞིན་དུ་དེ་དག་ལ་གཏམ་བྱས་སོ། ༤ ཧེས་བོན་ན་གནས་པའི་ཨ་མོར་པའི་རྒྱལ་པོ་སི་ཧོན་བྱ་བ་དང་། ཨས་ཐཱ་རོད་དང་ཨེ་དྲེ་ཨི་ན་གནས་པའི་བཱ་ཤན་གྱི་རྒྱལ་པོ་ཨོག་བྱ་བ་དྲལ་ནས། ༥ མོ་ཤེས་ཡོར་དན་ཆུའི་ཕ་རོལ་ན་མོ་ཨབ་ཡུལ་ན་བཀའ་ཁྲིམས་འདི་འཆད་པར་བརྩམས་ཤིང་འདི་སྐད་ཅེས་སྨྲས་པ། ༦ ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་རི་ཧོ་རེབ་ལ་ངེད་རྣམས་ལ་འདི་སྐད་དུ། ཁྱོད་ཅག་རི་འདི་ལ་མང་དུ་གནས་པས། ༧ ད་ལོག་ལ་འདི་ནས་ཆས་ཏེ་ཨ་མོར་པའི་རི་རྒྱུད་དང་། དེའི་ཡུལ་འཁོར་དང་། ཐང་དང་། རི་རྣམས་དང་སྨད་ཡུལ་དང་ལྷོ་ཕྱོགས་ཀྱི་ཡུལ་དང་། རྒྱ་མཚོའི་འགྲམ་ལ་གནས་པའི་མི་རྣམས་ཤེ་ན། ཀ་ན་ཨན་པ་རྣམས་ཀྱི་ཡུལ་དང་རི་ལི་བ་ནོན་དང་གཙང་པོ་ཡུབ་རཱད་བྱ་བའི་གཙང་པོ་ཆེན་པོའི་ཕྱོགས་སུ་སོང་ཞིག ༨ ཀྱེ་ཧོ་ངས་ཡུལ་དེ་ཁྱོད་ཀྱི་མདུན་དུ་བཞག་སྟེ། ངས་ཡུལ་དེ་ཁྱེད་ཀྱི་ཕ་མེས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་དང་། དེ་དག་གི་རྗེས་སུ་འོང་བའི་བུ་བརྒྱུད་ལ་གཏོང་བའི་ཕྱིར་དབུ་མནའ་བྱས་པ་དེ་རུ་སོང་ལ་བདག་ཏུ་བཟུང་ཤིག་ཅེས་བཀའ་སྩལ་ཏོ༎༩ ཡང་ངས་དུས་དེ་ཉིད་དུ་ཁྱོད་རྣམས་ལ་འདི་སྐད་དུ། ང་གཅིག་པུ་ཁྱོད་རྣམས་ཀྱི་འགན་འཁུར་མི་ནུས་སོ། ༡༠ ཡ་ཧོ་ཝཱ་ཁྱོད་རྣམས་ཀྱི་དཀོན་མཆོག་ཁྱོད་རྣམས་སྤེལ་བས། ལྟོས་ཤིག་ཁྱོད་རྣམས་ཀྱི་གྲངས་ནི་དེ་རིང་གི་ཞག་ལ་ནམ་མཁའི་སྐར་མ་ལྟར་འཕེལ་ཏེ། ༡༡ ཡ་ཧོ་ཝཱ་ཁྱེད་ཀྱི་ཕ་མེས་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་གྲངས་སྟོང་འགྱུར་སྤེལ་ཞིང་། ཁྱོད་རྣམས་ལ་ཞལ་གྱིས་བཞེས་པ་བཞིན་དུ་བྱིན་རླབས་མཛད་པར་ཤོག་ཅིག ༡༢ ད་ང་གཅིག་པུས་ཁྱོད་རྣམས་ཀྱི་ཉོན་མོངས་དང་འགན་དང་རྩོད་པ་འཁུར་བར་ཇི་ལྟར་ནུས། ༡༣ རང་རང་གི་སྡེ་ལས་མི་མཁས་པ་དང་བློ་གྲོས་ཅན་དང་། མིང་ཅན་ཡིན་པ་རྣམས་འདམ་པར་བྱོས། ངས་དེ་དག་ཁྱེད་ཀྱི་འགོ་བྱེད་དུ་གཞུག་གོ་ཞེས་སྨྲས་པའི་ལན་དུ། ༡༤ དེའི་ལན་དུ་ཁྱེད་ཅག་གིས་ང་ལ་ཁྱེད་ཀྱིས་གསུངས་པ་བཞིན་དུ་བྱེད་པ་ངེད་ལ་ལེགས་སོ་ཞེས་སྨྲས་པས། ༡༥ ངས་ཁྱེད་ཀྱི་སྡེ་རྣམས་ཀྱི་འགོ་བྱེད་རྣམས་ཀྱི་ནང་ནས་མི་མཁས་པ་དང་མིང་དང་ལྡན་པ་རྣམས་ཁྲིད་དེ། ཁྱོད་ཅག་གི་སྡེ་རྣམས་བཞིན་དུ་སྟོང་དཔོན་དང་། བརྒྱ་དཔོན་དང་། ལྔ་བཅུ་དཔོན་དང་། བཅུ་དཔོན་དང་། ལས་ཚན་པ་རྣམས་བཅུག་པ་ཡིན།
༡༦ དེའི་ཚེ་ངས་ཁྱེད་ཀྱི་ཁྲིམས་དཔོན་རྣམས་ལ་འདི་སྐད་དུ། ཁྱེད་ཀྱི་སྤུན་རྣམས་ཀྱི་རྒྱུ་རྐྱེན་ལ་ཉོན་ལ་མི་ཞིག་དང་དེའི་སྤུན་གྱི་བར་དང་། དེ་དང་མཉམ་དུ་ཡོད་པའི་མི་ཡན་གྱི་བར་ལ་ཁྲིམས་དྲང་པོར་ཕྱེས་ཤིག ༡༧ ཁྲིམས་བྱེད་སྐབས་སུ་མིའི་ངོ་མི་སྲུང་ཞིང་། མི་ཆུང་བ་དང་ཆེན་པོའི་རྒྱུ་རྐྱེན་ཉན་ཏེ། མི་ཞིག་གི་ངོ་ལ་འཇིགས་པའི་མི་རིགས་སོ། དེ་ཅིའི་ཕྱིར་ཞེ་ན། ཞལ་ཆེ་གཅོད་པ་ནི་དཀོན་མཆོག་གི་ཡིན་པའི་ཕྱིར་རོ། ཡང་ཁྱོད་ལ་ཐག་ཆོད་པར་དཀའ་བའི་རྩོད་རྒྱུ་ཞིག་འབྱུང་ན། ངའི་མདུན་དུ་ཞོག་དང་ངས་དེ་ལ་ཉན་པར་བྱའོ། ༡༨ ཞེས་པའི་གཏམ་ཐམས་ཅད་བཞིན་དུ་ཁྱོད་རྣམས་ཀྱིས་བྱེད་དུ་ངས་དེའི་དུས་སུ་ཁྱེད་ལ་གདམས་པ་ཡིན།
༡༩ དེ་ནས་ངེད་རྣམས་ཧོ་རེབ་ནས་ཆས་ནས་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་བཀའ་སྩལ་པ་བཞིན་དུ་ཨ་མོར་པའི་རི་རྒྱུད་ཀྱི་ལམ་དུ་ཞུགས་ཤིང་ཁྱོད་རྣམས་ཀྱིས་མཐོང་བའི་འབྲོག་སྟོང་ཆེ་བ་དང་འཇིགས་སུ་རུང་བ་ཀུན་ཏུ་རྒྱུ་ནས་ཁ་དཱེས་བར་ནེ་ཨ་རུ་ཕྱིན་ཏོ། ༢༠ ཡང་ངས་ཁྱེད་རྣམས་ལ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ངེད་ལ་གནང་བའི་ཨ་མོར་པའི་རི་རྒྱུད་ཀྱི་བར་དུ་ཁྱེད་ཅག་འོངས་ནས། ༢༡ ཀྱེ་ཧོ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་མདུན་དུ་ཡུལ་དེ་གནང་བས། ཡ་ཧོ་ཝཱ་ཁྱེད་ཀྱི་ཕ་མེས་ཀྱི་དཀོན་མཆོག་གིས་ཁྱེད་ལ་བཀའ་སྩལ་པ་བཞིན་དུ་གྱེན་དུ་སོང་ལ། བདག་ཏུ་ཟུངས་ཤིག་མ་འཇིགས་ཏེ་ཉམས་མ་ང་ཞིག་ཅེས་སྨྲས་པ་ཡིན། ༢༢ ཡང་ཁྱོད་ཐམས་ཅད་ངའི་མདུན་དུ་འོངས་ཏེ་ང་ལ། ངེད་རང་གི་སྔོན་དུ་མི་འགའ་ཞིག་གཏོང་བ་དང་། དེ་དག་གིས་ངེད་ཀྱི་ཕྱིར་ཡུལ་ལ་ལྟ་ཉུལ་བྱས་ནས་གང་ལམ་ལ་ངེད་གྱེན་དུ་འགྲོ་བ་དང་། ལམ་ནང་ངེད་ལ་གྲོང་ཁྱེར་གང་རྣམས་འོང་བར་འགྱུར་ཞེས་པའི་ཕྲིན་ངེད་ལ་ཕྱིར་ཁྱེར་འོང་བར་དགོས་སོ་ཞེས་སྨྲས་སོ། ༢༣ གཏམ་དེ་ལ་ང་དགའ་བས་ཁྱེད་ཀྱི་ནང་ནས་མི་བཅུ་གཉིས་སྡེ་རེ་ལས་མི་རེ་འདམས་སོ། ༢༤ དེ་དག་སོང་ནས་རི་ཁྲོད་དུ་དོང་བ་དང་ཨེས་ཀོལ་བྱ་བའི་ལུང་པའི་བར་དུ་ཕྱིན་ཞིང་ལྟ་ཉུལ་བྱས། ༢༥ དེ་དག་གི་ལག་པས་ཡུལ་གྱི་ཤིང་ཐོག་ལས་སླངས་ནས་ངེད་ཀྱི་དྲུང་དུ་ཁྱེར་འོང་ཞིང་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ངེད་ལ་གནང་བའི་ཡུལ་དེ་བཟང་བ་ཡིན་ནོ་ཞེས་པའི་འཕྲིན་ངེད་ལ་ཕྱིར་ཁྱེར་འོངས་སོ༎
༢༦ འོན་ཀྱང་ཁྱོད་རྣམས་གྱེན་དུ་འགྲོ་བར་མ་དགའ་སྟེ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བཀའ་ལ་བརྒོལ་ཏེ། ༢༧ ཁྱེད་ཀྱི་གུར་གྱི་ནང་ན་འབར་ཞིང་ཡ་ཧོ་ཝཱས་ངེད་ལ་སྲུང་ཞིང་ངེད་ཨ་མོར་པའི་ལག་ཏུ་སྩལ་ཏེ། ངེད་མེད་པར་མཛད་དུ་ངེད་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་ཁྲིད་པར་མཛད་དོ། ༢༨ གྱེན་དུ་གར་འདོང་བར་བྱ། ངེད་ཀྱི་སྤུན་རྣམས་ཀྱིས་ངེད་རྣམས་ལ་ངེད་ལས་སྡེ་ཆེ་ཞིང་ལུས་གཟུགས་རིང་པོ་དང་། གྲོང་ཁྱེར་ཆེན་པོ་དང་ནམ་མཁའ་ལ་ཐུག་པའི་ལྕགས་རིས་བསྐོར་བ་རྣམས་དང་། ཨ་ནག་གི་བུ་རྣམས་ཀྱང་ངེད་ཀྱིས་དེར་མཐོང་ངོ་ཞེས་སྨྲས་ཤིང་ངེད་ཀྱི་ངོ་འབེབས་པར་བྱས་སོ་ཞེས་ཟེར་བ་ཡིན། ༢༩ དེ་ནས་ངས་ཁྱོད་རྣམས་ལ་མ་འཇིགས་ལ་དེ་དག་ལ་མ་སྐྲག་ཅིག ༣༠ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ཁྱེད་ཅག་གི་སྔོན་ལ་གཤེགས་ཏེ་ཁྱོད་རྣམས་ཀྱི་ཚབ་ཏུ་འཐབ་པར་འགྱུར། ཁོང་གིས་མི་སེར་ཡུལ་ན་ཁྱེད་ཀྱི་མཐོང་ངོར་ཅི་དང་ཅི་མཛད་པ་དང་། ༣༡ ཁྱེད་ཀྱིས་མཐོང་བའི་འབྲོག་སྟོང་ན་མི་ཞིག་གིས་རང་གི་བུ་འཁུར་བ་དང་འདྲ་བར་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་འགྲོ་བའི་ལམ་ཐོག་ཐག་གནས་འདི་རུ་འོང་བའི་བར་དུ་ཁྱེད་རྣམས་འཁུར་བར་མཛད་པ་བཞིན་དུ་མཛད་པར་འགྱུར་རོ་ཞེས་ཟེར་ཏོ། ༣༢ ཡིན་ཀྱང་ཁྱེད་ཀྱིས་གཏམ་དེ་ཐོས་ཀྱང་། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བཀའ་ལ་མ་ཉན། ༣༣ ཁོང་ནི་ཁྱེད་ཀྱི་ཕྱིར་སྒར་འདེབས་པའི་གནས་ཤིག་འཚོལ་ཞིང་། ཁྱེད་འགྲོ་བའི་ལམ་སྟོན་དུ་མཚན་མོའི་དུས་སུ་མེ་དང་། ཉིན་མོའི་དུས་སུ་སྤྲིན་གྱི་ངང་ན་ཁྱེད་ཀྱི་སྔོན་དུ་གཤེགས་སོ༎
༣༤ ཡང་ཡ་ཧོ་ཝཱས་ཁྱེད་ཀྱི་གཏམ་རྣམས་ཀྱི་སྒྲ་གསན་པས་ཐུགས་ཁྲོས་ཤིང་འདི་སྐད་དུ། ༣༥ མི་རབས་ངན་པའི་མི་འདི་རྣམས་ལས་གཅིག་གིས་ཀྱང་ཡུལ་བཟང་པོ་དེ་མཐོང་བར་མི་འགྱུར་རོ། ཡུལ་གང་ཞེ་ན། ངས་ཁྱེད་ཀྱི་ཕ་མེས་ལ་གཏང་ངོ་ཞེས་མནའ་བྱས་པ་དེ་ཡིན་ནོ། ༣༦ ཡེ་ཕུན་ནེའི་བུ་ཀ་ལེབ་འབའ་ཞིག་གིས་ཡུལ་དེ་མཐོང་སྟེ་ངས་དེ་དང་བུ་རྣམས་དང་བཅས་པ་ལ་ཁོའི་རྐང་པས་གནན་པའི་ཡུལ་གཏོང་བར་བྱའོ། དེ་ནི་མ་གཡེངས་པར་ཡ་ཧོ་ཝཱའི་ཕྱི་བཞིན་བྲངས་པའི་ཕྱིར་རོ་ཞེས་དབུ་མནའ་བཞེས་སོ། ༣༧ ཡང་ཁྱེད་ཀྱིས་ངོ་ལོག་བྱེད་སྐབས་སུ་ཡ་ཧོ་ཝཱས་ང་ལ་ཡང་ཐུགས་ཁྲོས་ཏེ་འདི་སྐད་དུ། ཁྱོད་ཀྱང་དེར་འཇུག་པར་མི་རུང་གི། ༣༨ ནུན་གྱི་བུ་ཡོ་ཤུ་ཨ་ཁྱོད་ཀྱི་མདུན་དུ་འགྲེང་བ་དེ་འཇུག་པར་འགྱུར། དེས་ནི་ཨིས་ར་ཨེལ་ལ་ཡུལ་དེ་ས་སྐལ་དུ་རྙེད་པར་འཇུག་པའི་ཕྱིར་ཁྱོད་ཀྱིས་ཁོ་ལ་རུས་ཆུག་ཅིག ༣༩ ཡང་ཁྱེད་ཀྱི་ནང་ན་ཡོད་པའི་ཆུང་བ་དག་ལ་བལྟས་ཏེ་དེ་རྣམས་འཕྲོག་བྱར་འགྱུར་ཞེས་ཁྱེད་ཀྱིས་ཟེར་བ་འདི་དང་། ཁྱེད་ཀྱི་བུ་དེ་རིང་བཟང་པོའམ་ངན་པ་མི་ཤེས་པ་དག་ནང་དུ་འཇུག་པ་དང་། ངས་དེ་དག་ལ་ཡུལ་དེ་གཏོང་ཞིང་བདག་པར་འགྱུར་རོ། ༤༠ ཁྱོད་རྣམས་ལོག་ལ་འབྲོག་སྟོང་གི་ཕྱོགས་སུ་རྒྱ་མཚོ་དམར་པོའི་ལམ་དུ་འཇུག་སྟེ་སོང་ཞིག་ཅེས་བཀའ་སྩལ་ཏོ༎
༤༡ ཡང་དེའི་ལན་དུ་ཁྱེད་ཚོས་ང་ལ་ངེད་ཀྱིས་ཡ་ཧོ་ཝཱ་ལ་བརྟེན་ནས་སྡིག་པ་བྱས་པས་ངེད་གྱེན་དུ་འགྲོ་ཞིང་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཅི་དང་ཅི་ངེད་ལ་བཀའ་གནང་བ་བཞིན་དུ་འཐབ་པར་བྱའོ་ཞེས་སྨྲས་པ་ལས་ཁྱེད་ལས་རེ་རང་གི་མཚོན་ཆ་བཅིངས་ནས་བསྐུལ་མ་ལ་མ་ཉན་ཞིང་རི་ལ་གྱེན་དུ་སོང་ངོ་། ༤༢ དེའི་ཚེ་ཡ་ཧོ་ཝཱས་ང་ལ་བཀའ་སྩལ་པ། དེ་དག་ལ་འདི་སྐད་དུ། མ་འགྲོ། འཐབ་པར་མ་བྱེད་ཅིག ང་ཁྱོད་རྣམས་ཀྱི་དཀྱིལ་དུ་མེད་པས་ཁྱེད་དགྲ་བོའི་མདུན་དུ་འཕམ་པར་མི་འགྱུར་བའི་ཕྱིར་རོ་ཞེས་སྨྲོས་ཤིག ༤༣ ངས་ཁྱེད་ལ་གཏམ་ཟེར་ཡང་། ཁྱེད་ཀྱིས་དེ་ལ་མ་ཉན་ཏེ་ཡ་ཧོ་ཝཱའི་བཀའ་ལ་ངོ་ལོག་བྱས་ནས། ང་རྒྱལ་སྐྱེད་ཅིང་རི་ལ་གྱེན་དུ་སོང་ངོ་། ༤༤ ཡང་ཨ་མོར་པ་རི་ལ་གནས་པ་རྣམས་ཁྱེད་ལ་འཐབ་པའི་ཕྱིར་ཐོན་ནས། སྦྲང་མས་འདེད་པ་ལྟར་ཁྱོད་ཅག་ལ་བདས། སེ་ཨིར་ནས་ཧོར་མཱའི་བར་དུ་བརྡུང་ཞིང་དེད་དོ། ༤༥ ཡང་ཁྱེད་ཕྱིར་ལོག་སྟེ་ཡ་ཧོ་ཝཱའི་སྤྱན་སྔར་ངུ་ནའང་། ཡ་ཧོ་ཝཱས་ཁྱེད་ཀྱི་སྒྲ་ལ་མ་གསན། སྙན་དུའང་མ་བཟུང་ངོ་། ༤༦ དེ་ལྟར་ཁྱེད་དེར་གནས་པའི་ཞག་རྣམས་ཀྱི་གྲངས་བཞིན་དུ་ཁ་དཱེས་ལ་ཞག་མང་པོ་གནས་སོ༎