ཡོ་ཤུ་ཨའི་མདོ།
དེའང་ཡ་ཧོ་ཝཱའི་བྲན་པོ་མོ་ཤེ་ཚེ་འདས་པའི་འོག་ཏུ་ཡ་ཧོ་ཝཱས་མོ་ཤེའི་གཡོག་པོ་ནུན་གྱི་བུ་ཡོ་ཤུ་ཨ་ལ་འདི་སྐད་དུ།  ངའི་བྲན་པོ་མོ་ཤེ་ཤི་བས། ད་ལོང་ལ་ཁྱོད་རང་མི་སྡེ་འདི་ཐམས་ཅད་དང་བཅས་པ་ངས་ཨིས་ར་ཨེལ་གྱི་བུ་རྣམས་ལ་གནང་བར་བྱ་བའི་ཡུལ་དུ་ཡོར་དན་ཆུའི་ཕ་རོལ་དུ་སོང་ཞིག  ངས་མོ་ཤེ་ལ་གསུངས་པ་བཞིན་དུ་ཁྱོད་ཀྱི་རྐང་མཐིལ་གྱིས་ནོན་པའི་ས་ཆ་ཚང་མ་ངས་ཁྱོད་ཅག་ལ་གནང་བ་ཡིན།  འབྲོག་སྟོང་དང་རི་ལི་བ་ནོན་འདི་ནས་བཟུང་ནས་ཡུབ་རཱད་བྱ་བའི་གཙང་པོ་ཆེན་པོ་དང་། ཧེད་པ་རྣམས་ཀྱི་ཡུལ་ཀུན་དང་། ནུབ་ཕྱོགས་སུ་རྒྱ་མཚོ་ཆེན་པོའི་བར་དུ་ཁྱེད་ཀྱི་ས་མཚམས་སླེབ་པར་འགྱུར་རོ།  ཁྱོད་ནམ་འཚོ་བའི་བར་དུ་མི་སུས་ཀྱང་ཁྱོད་ཐུབ་པར་མི་འགྱུར། ང་མོ་ཤེ་དང་འགྲོགས་པ་ལྟར་ཁྱོད་དང་ཡང་འགྲོགས་ཤིང་ངས་རྒྱབ་ཏུ་ཡང་མི་སྐྱུར། ངས་སྤང་བར་ཡང་མི་བྱའོ།  རེམ་ཞིང་སྙིང་རུས་སྐྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཀྱིས་མི་སྡེ་འདི་ལ་ཡུལ་དེ་ས་སྐལ་དུ་གཏོང་བར་བྱ། ཡུལ་གང་ཞེ་ན། ངས་དེ་དག་གི་ཕ་མེས་རྣམས་ལ་གནང་བའི་ཕྱིར་མནའ་བཞེས་པ་དེ་ཡིན་ནོ།  འོན་ཀྱང་ངའི་བྲན་པོ་མོ་ཤེས་ཁྱོད་ལ་བསྒོ་བའི་བཀའ་ཁྲིམས་ཐམས་ཅད་བཞིན་དུ་བྱེད་དུ་ཟོན་བྱེད་པའི་ཕྱིར་ཤིན་ཏུ་རེམ་ཞིང་སྙིང་རུས་སྐྱེད་ཅིག ཁྱོད་གང་དུ་འགྲོ་ནའང་ལས་དོན་འགྲུབ་ཕྱིར་བཀའ་ཁྲིམས་དེ་ལས་གཡས་སུ་ཡང་མ་ལྡོག གཡོན་དུ་ཡང་མ་ལྡོག་ཅིག  བཀའ་ཁྲིམས་ཀྱི་མདོ་འདི་ཁྱོད་ཀྱི་ཁ་ལས་མ་འབྲལ་བར་དེའི་ནང་ན་བྲིས་པ་ཐམས་ཅད་བཞིན་དུ་སྤྱོད་དུ་ཟོན་བྱེད་ཅིང་ཉིན་མཚན་མེད་པར་སྒོམ་ཞིག དེ་བཞིན་དུ་བྱེད་ན་ཁྱོད་ཀྱི་ལམ་དོན་སྒྲུབ་སྟེ། ལས་དོན་ལེགས་པར་འགྲུབ་པར་འགྱུར་རོ།  རེམ་པ་བྱེད་ཅིང་སྙིང་རུས་སྐྱེད་ཅིག་ཅེས་ངས་ཁྱོད་ལ་མ་སྨྲས་སམ། ད་མ་འཇིགས་པར་སྙིང་མ་ཆུང་ཞིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་གང་དུ་འགྲོ་ཡང་ང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ཁྱོད་དང་འགྲོགས་སོ་ཞེས་བཀའ་སྩལ་ཏོ༎
༡༠ དེ་ནས་ཡོ་ཤུ་ཨས་མི་སྡེའི་འགོ་བྱེད་རྣམས་ལ་འདི་སྐད་དུ། ༡༡ སྒར་གྱི་དཀྱིལ་དུ་རྒྱུད་དེ་སོང་ནས་མི་སྡེ་ལ་འདི་སྐད་ཅེས་སྨྲོས་ཤིག ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཚོ་ལ་བདག་ཏུ་འཛིན་པར་གནང་བའི་ཡུལ་དེར་འགྲོ་ཞིང་བདག་ཏུ་འཛིན་པའི་དོན་དུ་ཉིན་ཞག་གསུམ་གྱི་རྗེས་ལ་ཡོར་དན་ཆུ་འདིའི་ཕ་རོལ་དུ་འགྲོ་བའི་སྐོར་ལ་ལམ་རྒྱགས་ཤོམ་ཞིག་ཅེས་བསྒོའོ༎
༡༢ ཡང་རུ་བེན་པ་དང་གད་པ་དང་མ་ན་ཤེའི་སྡེ་ཕྱེད་ཀྱི་མི་རྣམས་ལ་ཡོ་ཤུ་ཨས། ༡༣ ཡ་ཧོ་ཝཱ་ཡི་བྲན་པོ་མོ་ཤེས་ཁྱེད་ཚོ་ལ་བསྐུལ་བའི་གཏམ་དྲན་ཞིག ཟེར་ན། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་རྣམས་ལ་ངལ་གསོ་གནང་སྟེ་ཡུལ་དེ་གནང་ངོ་། ༡༤ ཁྱེད་ཀྱི་ཨ་མ་ཕྲུ་གུ་རྣམས་དང་ཁྱེད་ཀྱི་ཕྱུགས་ཀྱི་ཁྱུ་རྣམས་མོ་ཤེས་ཁྱེད་ལ་བཏང་བའི་ཡུལ་ཡོར་དན་གྱི་ཕ་རོལ་ན་ཡོད་པ་དེར་ལུས་པས་ཆོག ཁྱེད་ཚོ་ནས་མི་ལུས་སྟོབས་ཅན་ཐམས་ཅད་གོ་ཆ་གོན་ཏེ་སྤུན་རྣམས་ཀྱི་སྔོན་དུ་འགྲོ་ཞིང་དེ་དག་ལ་གྲོགས་བྱེད་པར་དགོས། ༡༥ ཡང་ཡ་ཧོ་ཝཱས་ཁྱེད་དང་འདྲ་བར་ཁྱེད་ཀྱི་སྤུན་ལ་ངལ་གསོ་གནང་སྟེ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་དེ་དག་ལ་གནང་བའི་ཡུལ་དེ་དག་གིས་བདག་ཏུ་བཟུང་བའི་རྗེས་སུ་ཁྱེད་ཚོ་ལ་བདག་ཏུ་གནང་བའི་ཡུལ་ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་ཡོར་དན་ཆུའི་ཕ་རོལ་ཏུ་ཤར་ཕྱོགས་སུ་ཁྱེད་ཅག་ལ་བཏང་བ་དེ་འཛིན་དུ་འགྲོ་ཆོག་གོ་ཞེས་སྨྲས་སོ། ༡༦ གཏམ་དེའི་ལན་དུ་དེ་དག་གིས་ཡོ་ཤུ་ཨ་ལ། ཁྱེད་ཀྱིས་ངེད་རྣམས་ལ་ཅི་དང་ཅི་བཀའ་གནང་བ་དེ་བཞིན་དུ་ངེད་ཀྱིས་བྱ་ཞིང་། ངེད་རྣམས་གང་དུ་གཏོང་ཡང་འགྲོ་བར་བྱ། ༡༧ ངེད་མོ་ཤེའི་བཀའ་ལ་ཉན་པ་ལྟར་ཁྱད་མེད་པར་ཁྱེད་ཀྱི་བཀའ་ལ་ཉན་པར་བྱ། ཇི་ལྟར་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་མོ་ཤེ་དང་འགྲོགས་པ། དེ་ལྟར་ཁྱེད་དང་འགྲོགས་པར་ཤོག་ཅིག ༡༨ སུས་ཀྱང་ཁྱེད་ཀྱི་བཀའ་ལ་ངོ་ལོག་བྱེད་དེ་ཁྱེད་ཀྱིས་གང་གསུང་བའི་གཏམ་ཐམས་ཅད་ལ་མི་ཉན་པ་དེ་འཆི་བར་དགོས། ད་རེམ་ཞིང་སྙིང་རུས་རང་སྐྱེད་ཅིག་ཅེས་ཞུས་སོ༎