༣༤
ཡང་མོ་ཤེ་་མོ་ཨབ་ཀྱི་ཐང་ནས་རི་ནེ་བོ་་ཕིས་ཀཱའི་རྩེ་ཡེ་རི་ཀོ་ཡི་ཐད་ཡོད་པ་དེར་འཛེགས་སོ། ཡང་ཡ་ཧོ་ཝཱས་དེ་ལ་གིལ་ཨད་ཀྱི་ཡུལ་ཐམས་ཅད་དཱན་གྱི་བར་དུ་དང་།  ནབ་ཐ་ལིའི་ཡུལ་ཐམས་ཅད་དང་། ཨེབ་ར་ཨིམ་དང་མ་ན་ཤེའི་ཡུལ་དང་། ཡུ་དཱ་ཡི་ཡུལ་ཐམས་ཅད་ཕ་རོལ་གྱི་རྒྱ་མཚོའི་བར་དུ་དང་།  ལྷོ་ཕྱོགས་ཀྱི་ཡུལ་དང་ཁ་ཟུར་ཤིང་གི་གྲོང་ཁྱེར་ཡེ་རི་ཀོའི་ལུང་པའི་ཡུལ་འཁོར་ཚོ་ཨར་གྱི་བར་དུ་བསྟན་ཏོ།  ཡང་ཡ་ཧོ་ཝཱས་དེ་ལ། ངས་ཨབ་ར་ཧམ་དང་། ཨི་སཱག་དང་ཡ་ཀོབ་ལ་སྨྲས་པ། ཡུལ་དེ་ནི་ངས་ཁྱོད་ཀྱི་བུ་བརྒྱུད་ལ་གཏོང་བར་འགྱུར་རོ་ཞེས་མནའ་བྱས་པའི་ཡུལ་དེ་ཡིན་ནོ། ངས་ཁྱོད་ཀྱི་མིག་གིས་དེ་མཐོང་དུ་བཅུག་ཀྱང་། ཁྱོད་དེར་ཕར་འགྲོ་མི་ཡོང་ཞེས་བཀའ་གནང་ངོ་།  དེ་ལྟར་ཡ་ཧོ་ཝཱའི་གཡོག་པོ་མོ་ཤེ་ཡ་ཧོ་ཝཱའི་བཀའ་བཞིན་དུ་མོ་ཨབ་ཀྱི་ཡུལ་ན་ཚེ་འདས་སོ།  ཡང་ཁོང་གིས་མོ་ཨབ་ཡུལ་ན་བེད་ཕེ་ཨོར་གྱི་ཐད་དུ་དེ་དུར་དུ་བཅུག་ནས། དེ་རིང་གི་ཉིན་མོའི་བར་དུ་དེའི་དུར་སུས་ཀྱང་མ་ཤེས་སོ།  ཡང་མོ་ཤེ་ཚེ་འདས་པའི་དུས་སུ་ལོ་བརྒྱ་དང་ཉི་ཤུ་ཙམ་དུ་ཕྱིན་ཏེ། མིག་ཤེད་མ་ཤོར་བ་དང་རྒད་མ་འཁོགས་སོ།  ཡང་ཨིས་ར་ཨེལ་གྱི་བུ་རྣམས་མོ་ཤེའི་དོན་དུ་ཞག་སུམ་ཅུ་ཙམ་མོ་ཨབ་ཀྱི་ཐང་ན་ཆོ་ངེས་བཏོན་པ་དང་། དེ་ལྟར་མོ་ཤེའི་ཕྱིར་དུ་ཆོ་ངེས་འདོན་ཞིང་མྱ་ངན་བྱེད་པའི་ཞག་དེ་དག་རྫོགས་སོ༎
 ཡང་མོ་ཤེས་ནུན་གྱི་བུ་ཡོ་ཤུ་ཨ་ལ་ཕྱག་བཞག་པས། ཤེས་རབ་ཀྱི་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་པ་དང་། ཨིས་ར་ཨེལ་གྱི་བུ་རྣམས་དེས་དེ་ལ་ཉན་ཏེ། ཡ་ཧོ་ཝཱས་མོ་ཤེ་ལ་བཀའ་གནང་བ་བཞིན་དུ་བྱས་སོ། ༡༠ དེ་ཕྱིན་ཆད་ཡ་ཧོ་ཝཱས་དངོས་སུ་མཁྱེན་པའི་མོ་ཤེ་དང་འདྲ་བའི་ལུང་སྟོན་པ་ཨིས་ར་ཨེལ་གྱི་ནང་ན་མ་བྱུང་། ༡༡ ཡ་ཧོ་ཝཱས་ཁོང་མི་སེར་ཡུལ་དུ་ཕར་ཨོ་དང་དེའི་གཡོག་པོ་ཀུན་དང་དེའི་ཡུལ་ཚང་མ་ལ་ངོ་མཚར་ཆེ་བའི་ལྟས་དང་། ༡༢ དབང་ཆེ་བའི་ལག་པ་དང་འཇིགས་སྐྲག་ཆེན་པོ་ཨིས་ར་ཨེལ་ཐམས་ཅད་ཀྱི་མཐོང་ངོར་མཛད་པའི་ཕྱིར་དུ་མངགས་སོ༎ ༎