ཡང་ནུན་གྱི་བུ་ཡོ་ཤུ་ཨས་ཤིད་ཏིམ་ནས་མི་གཉིས་གསང་སྟེ་ལྟ་ཉུལ་བྱེད་དུ་བཏང་ཞིང་དེ་གཉིས་ལ་ཡུལ་དང་ཡེ་རི་ཀོ་ལ་ལྟ་རུ་སོང་ཞིག་ཅེས་ཟེར་བས། དེ་རྣམས་སོང་ནས་ར་ཧབ་ཞེས་བྱ་བའི་སྨད་འཚོང་མ་ཞིག་གི་ཁང་པ་རུ་ཞུགས་ནས་དེ་རུ་ཉལ་ཏོ།  ཡང་ཡེ་རི་ཀོའི་རྒྱལ་པོ་ལ། ཀྱེ་ཧོ་མཚན་མོ་འདི་ལ་ཨིས་ར་ཨེལ་གྱི་བུ་རྣམས་ལས་ཡུལ་གྱི་ཚོད་ལེན་པའི་མི་འགའ་ཞིག་འདིར་འོངས་སོ་ཞེས་པའི་གཏམ་བསྙད་པས།  ཡེ་རི་ཀོའི་རྒྱལ་པོས་ཁྱོད་ཀྱི་ཁང་པའི་ནང་དུ་ཁྱོད་ཀྱི་རྩར་འོངས་པའི་མི་རྣམས་འདོན་ནས་ཐོང་ཞིག མི་དེ་རྣམས་ཡུལ་ཐམས་ཅད་ལ་ལྟ་ཉུལ་དུ་འོངས་སོ་ཞེས་ར་ཧབ་ལ་ལོན་བཏང་ངོ་།  བུད་མེད་ཀྱིས་མི་དེ་གཉིས་ཁྱེར་ཏེ་སྦས་ནས། འོ་ན་མི་རྣམས་ངའི་དྲུང་དུ་འོངས་ཀྱང་གང་ནས་འོངས་པ་ངས་མི་ཤེས།  ཡང་རྒྱ་སྒོ་གཅོད་པའི་དུས་ཙམ་ན་མུན་རུབ་པའི་ཚེ་མི་དེ་རྣམས་སོང་གི། གང་དུ་སོང་ཆ་མེད། དེ་དག་གི་རྗེས་སུ་མྱུར་དུ་རྒྱུག་དང་། འཛིན་པར་འགྱུར་རོ་ཞེས་ཟེར་ཏོ།  འོན་ཀྱང་མོས་དེ་གཉིས་སྟེང་ཐོག་ལ་ཁྲིད་དེ། ཐོག་གི་ཁར་རིམ་པ་བཞིན་བཏིང་ཡོད་པའི་སོ་མ་ར་ཙའི་ཤིང་གི་འོག་ཏུ་སྦས་སོ།  ཡང་མི་རྣམས་ཡོར་དན་གྱི་ལམ་དུ་ཆུ་རབས་རྣམས་ཀྱི་བར་དུ་དེ་དག་ལ་བདས་ནས། བདའ་མཁན་རྣམས་སོང་མ་ཐག་རྒྱལ་སྒོ་བཅད་དོ༎
 དེ་གཉིས་གཉིད་མ་ལོག་པའི་སྔོན་ལ་མོ་ཐོག་ཁར་དེ་དག་གི་རྩར་འཛེགས་ཏེ།  མི་དེ་གཉིས་ལ། ཡ་ཧོ་ཝཱས་ཡུལ་འདི་ཁྱེད་ཚོ་ལ་གནང་བས། ཁྱེད་ཅག་གི་འཇིགས་པ་ང་ཚོ་ལ་བབས་ཏེ། ཡུལ་གྱི་མི་ཐམས་ཅད་ཁྱེད་ཅག་ལ་འཇིགས་ཤིང་འདར་བ་ངས་ཤེས་སོ། ༡༠ དེ་ཅིའི་ཕྱིར་ཞེ་ན། ཁྱེད་མི་སེར་ཡུལ་ནས་ཐོན་པའི་ཚེ་ཡ་ཧོ་ཝཱས་ཁྱེད་ཀྱི་སྔོན་དུ་རྒྱ་མཚོ་དམར་པོའི་ཆུ་རྣམས་སྐེམ་པར་མཛད་པ་དང་། ཁྱེད་ཀྱིས་ཡོར་དན་ཆུའི་ཕ་རོལ་ཏུ་ཡོད་པའི་ཨ་མོར་པའི་རྒྱལ་པོ་སི་ཧོན་དང་ཨོག་དེ་གཉིས་ཡོངས་སུ་སྣུབ་པ་དང་། ཁྱེད་ཅག་གིས་དེ་དག་ལ་ཅི་བྱས་པའི་གཏམ་ང་ཚོས་ཐོས་པ་ཡིན། ༡༡ བྱ་བ་དེ་ཐོས་པའི་ཚེ་ངེད་ཀྱི་སྙིང་འདར་ནས། མི་གང་ལའང་སྙིང་མལ་དུ་མ་ལུས་སོ། ཅི་ལ་ཞེ་ན། ཡ་ཧོ་ཝཱ་ཁྱེད་ཅག་གི་དཀོན་མཆོག་ནི་སྟེང་གི་ནམ་མཁའ་དང་། འོག་གི་ས་གཞིའི་དཀོན་མཆོག་ལགས་པའི་ཕྱིར་རོ། ༡༢ དེས་ན་ངས་ཁྱེད་ལ་སྙིང་རྗེ་བྱས་པས། ཁྱེད་ཀྱིས་ཀྱང་ངའི་ཕའི་ཁང་པ་ལ་སྙིང་རྗེ་བྱ་བའི་ཕྱིར་ཡ་ཧོ་ཝཱ་དཔང་དུ་འཛུགས་ཤིང་མནའ་བོར་ལ་ཁྱེད་ཀྱིས་དྲང་པོར་བྱེད་པའི་རྟགས་ཤིག་གཏོང་ཞིང་། ༡༣ ངའི་ཕ་མ་དང་མིང་སྲིང་རྣམས་དང་དེ་དག་ལ་གཏོགས་པ་ཐམས་ཅད་གསོན་པོར་ལུས་ཏེ། ངེད་ཀྱི་སེམས་འཆི་བ་ལས་ཐར་དུ་ཆུག་ཅིག་ཅེས་ཞུས་པས། ༡༤ མི་དེ་གཉིས་ཀྱིས་མོ་ལ། ཁྱོད་ཅག་གིས་ངེད་ཀྱི་ལས་དོན་མི་རྣམས་ལ་མི་བཤད་ན། ཁྱོད་ཅག་གི་སྲོག་ཁག་ངེད་ཀྱིས་འཁུར་རོ། ཡ་ཧོ་ཝཱས་ངེད་ལ་ཡུལ་འདི་གནང་བའི་ཚེ་ན་ངེད་ཀྱིས་ཁྱོད་ལ་སྙིང་རྗེ་བྱེད་ཅིང་དྲང་པོ་བྱེད་པར་བྱའོ་ཞེས་ཟེར་ཏོ༎
༡༥ དེ་ནས་མོས་དེ་དག་དཀར་ཁུང་ནས་ཐག་པ་དང་མཉམ་དུ་ཕབ་བོ། མོའི་ཁང་པ་ནི་ལྕགས་རིའི་སྟེང་དུ་བརྩིགས་ཡོད་པས། མོ་ལྕགས་རིའི་ཐོག་ཏུ་གནས་པ་ཡིན་ནོ། ༡༦ ཡང་མོས་དེ་དག་ལ། ཁྱེད་ཅག་ལ་བདའ་མཁན་རྣམས་དང་མི་འཕྲད་པའི་ཕྱིར་རི་ལ་སོང་སྟེ། བདའ་མཁན་རྣམས་མ་ལོག་པའི་བར་དུ་ཞག་གསུམ་དེར་ཡིབ་སྡོད། དེའི་འོག་ཏུ་རང་གི་ལམ་དུ་སོང་ཞིག་ཅེས་སྨྲས་སོ། ༡༧ མི་དེ་གཉིས་ཀྱིས་མོ་ལ། ཁྱོད་ཀྱིས་ངེད་ལ་མནའ་བཀལ་བའི་ནང་འགལ་བར་མི་འགྱུར་རོ། ༡༨ ལྟོས་ཤིག་ངེད་ཡུལ་གྱི་ནང་དུ་བསླེབ་ཚེ། གང་གི་དཀར་ཁུང་ལས་ང་ཚོ་བཏོན་པ་དེ་ལ་སྐུད་པ་དམར་པོའི་ཐག་པ་འདི་འདོགས་པར་བྱོས། ཡང་ཁྱོད་ཀྱི་ཕ་མ་དང་སྤུན་རྣམས་དང་ཕའི་ཁང་པའི་མི་ཐམས་ཅད་རང་གི་ཁང་པ་རུ་སྡུས་ཤིག ༡༩ ཡང་མི་སུ་ཡང་ཁྱོད་ཀྱི་ཁང་པའི་སྒོ་རྣམས་ནས་ལམ་སྲང་དུ་འཐོན་པ་དེའི་ཁྲག་ནི་དེ་རང་གི་མགོ་ལ་བོབས་ཤིག ངེད་ལ་སྐྱོན་མེད་དོ། འོན་ཀྱང་ཁྱོད་དང་འགྲོགས་ཤིང་ཁང་པ་རུ་ཡོད་པའི་མི་གང་ལ་ཡང་མི་ཞིག་གིས་ལག་པ་རེག་ན། དེའི་ཁྲག་ནི་ངེད་ཀྱི་མགོ་ལ་བོབས་ཤིག ༢༠ ཡང་ཁྱོད་ཀྱིས་ངེད་ཀྱི་ལས་དོན་མི་རྣམས་ལ་བཤད་ན་ངེད་ཀྱིས་ཁྱོད་ལ་མནའ་བཞག་ཅིང་དམ་བཅས་པ་ལས་ཐར་རོ་ཞེས་ཟེར་ཏོ། ༢༡ ཡང་མོས། ཁྱེད་ཅག་གིས་སྨྲས་པ་བཞིན་དུ་གྱུར་ཅིག་ཟེར་ནས་དེ་དག་འགྲོར་བཅུག་སྟེ་སོང་བ་དང་། ཁོས་ཐག་པ་དམར་པོ་ཞིག་དཀར་ཁུང་ལ་བཏགས་སོ༎
༢༢ དེ་དག་སོང་སྟེ་རི་ལ་བསླེབས་ནས། ཁོ་གཉིས་ལ་བདའ་མཁན་རྣམས་མ་ལོག་པའི་བར་དུ་ཞག་གསུམ་དེར་བསྡད་དོ། བདའ་མཁན་རྣམས་ཀྱིས་དེ་དག་ལམ་ཚང་མ་ལ་བཙལ་ཡང་མ་བརྙེད་དོ། ༢༣ དེ་ནས་མི་དེ་གཉིས་ལོག་ཅིང་རི་ནས་བབས་ཏེ་ཕ་རོལ་དུ་སོང་ནས་ནུན་གྱི་བུ་ཡོ་ཤུ་ཨ་ཡི་དྲུང་དུ་འོངས་པ་དང་། ཅི་དང་ཅི་ཁོ་རྣམས་ལ་བྱུང་བའི་གཏམ་དེ་ལ་བཤད་ཅིང་། ༢༤ ཡོ་ཤུ་ཨ་ལ་འདི་སྐད་དུ། ཡུལ་ཐམས་ཅད་ཡ་ཧོ་ཝཱས་ང་རྣམས་ཀྱི་ལག་ཏུ་གནང་བས། ཡུལ་མི་ཐམས་ཅད་ངེད་ལ་མང་པོ་འཇིགས་སོ་ཞེས་སྨྲས་སོ༎