ཡང་ཡོ་ཤུ་ཨ་ཐོ་རངས་ལ་ལངས་ནས་ཤིད་ཏིམ་ནས་ཆས་ཏེ་ཁོ་རང་དང་ཨིས་ར་ཨེལ་གྱི་བུ་རྣམས་ཡོར་དན་ཆུའི་འགྲམ་དུ་ཕྱིན་ནས་མ་རྒལ་བའི་སྔོན་ལ་དེ་རུ་སྒར་བཏབ་བོ།  ཡང་ཞག་གསུམ་སོང་བ་ལས་འགོ་པ་རྣམས་སྒར་ཁྲོད་དུ་རྒྱུ་ཞིང་མི་སྡེ་ལ་འདི་སྐད་དུ།  ཁྱེད་ཀྱིས་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་ཞལ་ཆད་ཀྱི་སྒྲོམ་དང་བླ་མ་བྱེད་པའི་ལེ་ཝི་པ་རྣམས་ཀྱིས་སྒྲོམ་དེ་འཁྱེར་བར་མཐོང་བའི་ཚེ་ཁྱེད་རང་གི་གནས་ནས་ཆས་ཏེ་དེའི་རྗེས་སུ་འབྲང་བར་དགོས།  འོན་ཀྱང་ཁྱོད་ཚོ་དང་དེའི་བར་ལ་བཏབ་ནས་ཁྲུ་ཉི་སྟོང་ཙམ་གྱི་བར་ཞིག་ཞོག་ཅིག་ཁྱོད་ཚོ་ལམ་གང་དུ་འགྲོ་བར་ཤེས་པའི་ཕྱིར་དེ་དང་ཉེ་བར་མ་ཡོང་ཞིག དེ་ཅིའི་ཕྱིར་ཞེ་ན། ལམ་དེ་ལ་ཁྱེད་སྔོན་ལ་ནམ་ཡང་མ་སོང་བའི་ཕྱིར་རོ་ཞེས་བཀའ་སྩལ་ཏོ།  ཡང་ཡོ་ཤུ་ཨས་མི་རྣམས་ལ། སང་ཉིན་ཡ་ཧོ་ཝཱས་ཁྱེད་ཀྱི་དཀྱིལ་ན་ཕྲིན་ལས་ངོ་མཚར་ཆེ་བ་མཛད་པས་ཁྱེད་རང་གཙང་སྦྲ་བྱོས་ཤིག་ཅེས་བཀའ་སྩལ་ནས།  ཡོ་ཤུ་ཨས་བླ་མ་རྣམས་ལ། ཞལ་ཆད་ཀྱི་སྒྲོམ་ཁྱེར་ལ་མི་རྣམས་ཀྱི་སྔོན་དུ་དོང་ཞིག་ཅེས་སྨྲས་པས། དེ་དག་གིས་ཞལ་ཆད་ཀྱི་སྒྲོམ་འཁྱེར་ཞིང་མི་རྣམས་ཀྱི་སྔོན་དུ་སོང་ངོ་༎
 ཡང་ཡ་ཧོ་ཝཱས་ཡོ་ཤུ་ཨ་ལ། ང་མོ་ཤེ་དང་འགྲོགས་པ་ལྟར་ཁྱོད་དང་འགྲོགས་པ་དེ་ནི་ཨིས་ར་ཨེལ་ཐམས་ཅད་ཀྱིས་རྟོགས་པའི་ཕྱིར་དུ། ངས་དེ་རིང་གི་ཉིན་པར་དེ་དག་གི་མཐོང་ངོར་ཁྱོད་ཆེན་པོར་བྱེད་དུ་འགོ་འཛུག་པར་བྱའོ།  ད་ཞལ་ཆད་ཀྱི་སྒྲོམ་འཁྱེར་བའི་བླ་མ་རྣམས་ལ། ཁྱོད་ཚོ་ཡོར་དན་ཆུ་བོའི་ཟུར་ཁར་བསླེབས་པའི་ཚེ། ཡོར་དན་ཆུ་བོའི་ནང་དུ་སྡོད་ཅིག་ཅེས་སྨྲོས་ཤིག་བཀའ་སྩལ་ཏོ།  ཡང་ཡོ་ཤུ་ཨས་ཨིས་ར་ཨེལ་གྱི་བུ་རྣམས་ལ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བཀའ་རྣམས་ཐོས་སུ་ཚུར་ཤོག་ཅེས་སྨྲས་ནས། ༡༠ ཡོ་ཤུ་ཨས་འདི་སྐད་དུ། དཀོན་མཆོག་གསོན་པོ་ཞིག་ཁྱེད་ཀྱི་དཀྱིལ་དུ་བཞུགས་ཤིང་། ཀ་ན་ཨན་པ་དང་། ཧེད་པ་དང་། ཧི་ཝི་པ་དང་། ཕེ་རི་ཟི་པ་དང་། གིར་ག་ཤི་པ་དང་། ཨ་མོར་པ་དང་། ཡེ་བུས་པ་རྣམས་ཁྱེད་ཀྱི་དྲུང་ནས་སྐྲོད་པར་མཛད་པའི་མངོན་རྟགས་འདི་ནས་རྟོགས་པར་དགོས། ༡༡ ཀྱེ་ཧོ་ས་གཞི་ཐམས་ཅད་ཀྱི་གཙོ་བོའི་ཞལ་ཆད་ཀྱི་སྒྲོམ་ཁྱེད་རྣམས་ཀྱི་སྔོན་ལ་ཡོར་དན་ཆུའི་ཕ་རོལ་དུ་འགྲོ་བར་བྱའོ། ༡༢ སྡེ་རེ་ལས་མི་རེའི་རྩིས་ཀྱིས་ཨིས་ར་ཨེལ་གྱི་སྡེ་རྣམས་ལས་མི་བཅུ་གཉིས་སྐོས་ཤིག ༡༣ ཡང་ཡ་ཧོ་ཝཱ་ས་གཞི་ཐམས་ཅད་ཀྱི་གཙོ་བོའི་ཞལ་ཆད་ཀྱི་སྒྲོམ་འཁྱེར་བའི་བླ་མ་རྣམས་ཀྱི་རྐང་མཐིལ་ཡོར་དན་ཆུར་འཇོག་དུས་སུ། ཡོར་དན་ཆུ་འཆད་དེ་ཡར་ནས་འབབ་པའི་ཆུ་ཕུང་པོར་གྱུར་ཏེ་སྡོད་པར་འགྱུར་ཞེས་སྨྲས་སོ༎
༡༤ ཡང་མི་སྡེ་ཡོར་དན་ཆུའི་ཕ་རོལ་ཏུ་འགྲོ་བའི་ཕྱིར་གུར་རྣམས་ནས་ཆས་ཏེ། ཞལ་ཆད་ཀྱི་སྒྲོམ་འཁྱེར་བའི་བླ་མ་རྣམས་མི་རྣམས་ཀྱི་སྔོན་དུ་སོང་བ་དང་། ༡༥ སྒྲོམ་འཁྱེར་མཁན་རྣམས་ཡོར་དན་ཆུའི་ཟུར་དུ་བསླེབས་ནས། སྒྲོམ་འཁྱེར་བའི་བླ་མ་རྣམས་ཀྱི་རྐང་པ་ཆུའི་ཟུར་དུ་ནུབ་པ་ཙམ་དུ། ༡༦ ཡར་ནས་བབ་པའི་ཆུ་སྡོད་ཅིང་ཕུང་པོར་གྱུར་ཏེ་འགྲེང་ཞིང་རྒྱང་རིང་དུ་ཙ་རེ་ཐན་གྱི་ཟུར་དུ་ཡོད་པའི་གྲོང་ཁྱེར་ཨ་དམ་གྱི་མདུན་དུ་བསྡད་དེ། ཐང་གི་རྒྱ་མཚོའམ་ཚྭ་མཚོ་ཡང་ཟེར་བའི་ཕྱོགས་སུ་འབབ་པའི་ཆུ་ཡོངས་སུ་སོ་སོར་གྱེས་སོ། ཡང་ལོ་ཏོག་བསྡུ་བའི་དུས་མ་རྫོགས་པའི་བར་དུ་ཡོར་དན་གྱི་ཆུ་འགྲམ་ལས་ལུད་དོ། ཡང་མི་བརྒྱུད་ཡེ་རི་ཀོའི་ཐད་དུ་ཕ་རོལ་ཏུ་ཕྱིན་ནོ། ༡༧ ཡང་ཡ་ཧོ་ཝཱའི་ཞལ་ཆད་ཀྱི་སྒྲོམ་འཁྱེར་བའི་བླ་མ་རྣམས་ཡོར་དན་གྱི་དཀྱིལ་དུ་སྐམ་སར་བརྟན་པོར་ལང་ནས་བསྡད། ཡང་མི་བརྒྱུད་ཐམས་ཅད་ཡོར་དན་ཆུའི་ཕ་རོལ་ཏུ་ཕྱིན་མ་ཟིན་པའི་བར་དུ་ཨིས་ར་ཨེལ་ཀུན་སྐམ་སར་འགྲོ་ཞིང་ཐོན་ནོ༎