ཡང་ངེད་རྒྱུ་ཞིང་ཡ་ཧོ་ཝཱས་ང་ལ་གསུངས་པ་བཞིན་དུ་རྒྱ་མཚོ་དམར་པོའི་ལམ་དུ་ཞུགས་ཏེ་འབྲོག་སྟོང་གི་ཕྱོགས་སུ་སོང་ནས་ཞག་མང་པོའི་བར་དུ་སེ་ཨིར་རི་རྒྱུད་ལ་འཁོར་བ་ཡིན།  ཡང་ཡ་ཧོ་ཝཱས་ང་ལ།  ཁྱོད་རྣམས་རི་འདི་ལ་མང་པོ་འཁོར་བ་ཡིན། ད་བྱང་ཕྱོགས་སུ་སོང་ཞིག  ཡང་མི་ཚོགས་ལ་འདི་སྐད་དུ། ཁྱོད་ད་ལྟ་སེ་ཨིར་ན་གནས་པའི་སྤུན་རྣམས་ཤེ་ན། ཨེ་སབ་ཀྱི་བུ་རྣམས་ཀྱི་ས་མཚམས་ནས་རྒྱུ་བར་བྱ་བས། དེ་དག་ཁྱོད་རྣམས་ལ་འཇིགས་པར་འགྱུར། དེ་དག་ལས་ཁྱེད་ཅག་རང་ལེགས་པར་སྲུངས་ཤིག  དེ་ཅིའི་ཕྱིར་ཞེ་ན། ངས་ཨེ་སབ་ལ་སེ་ཨིར་རི་རྒྱུད་བཏང་བས། ཁྱོད་རྣམས་ལ་དེ་དག་གི་ཡུལ་ལས་རྐང་མཐིལ་གང་ཙམ་ཡང་ངས་གཏོང་བར་མི་བྱ་བའི་ཕྱིར་རོ།  དངུལ་གྱི་རིན་བཏང་ནས་དེ་དག་ལས་ལྟོ་ཟས་ཉོས་ནས་ཟ་བར་དགོས། དངུལ་གྱི་རིན་བཏང་ནས་དེ་དག་ལས་ཆུ་ཡང་བརྙེད་ནས་འཐུང་བར་དགོས་ཤེས་སྒོ་བར་དགོས་སོ།  གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ཀྱི་ལག་པའི་ལས་ཐམས་ཅད་ལ་བྱིན་རླབས་མཛད་དོ། ཁོང་གིས་ཁྱོད་འབྲོག་སྟོང་ཆེན་པོ་འདི་རུ་རྒྱུ་བ་ལ་ཐུགས་རྗེས་གཟིགས་ཤིང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལོ་བཞི་བཅུ་འདི་དག་གི་ནང་ཁྱོད་དང་འགྲོགས་ཏེ་དངོས་པོ་གང་ཡང་ཁྱོད་ཅག་ལ་མ་ཟད་པ་ཡིན་ཞེས་གསུངས་སོ༎
 ཡང་ངེད་ཨེ་ལད་དང་ཨེ་ཙོན་གེ་བེར་ནས་ཐང་གི་ལམ་ལ་ཞུགས་ཤིང་སེ་ཨིར་ན་གནས་པའི་སྤུན་རྣམས་ཨེ་སབ་ཀྱི་བུ་རྣམས་ནས་ཕ་ཟད་སོང་བ་ལས་ལམ་འགྱུར་ཏེ་མོ་ཨབ་ཀྱི་འབྲོག་སྟོང་གི་ལམ་ལ་སོང་བ་ཡིན།  ཡང་ཡ་ཧོ་ཝཱས་ང་ལ་ཁྱོད་ཀྱིས་མོ་ཨབ་པ་རྣམས་མ་ནོན། དེ་དག་ལ་དམག་ཡང་མ་འདྲེན་ཞིག ངས་ལོད་ཀྱི་བུ་རྣམས་ལ་ཨཱར་བྱ་བའི་ཡུལ་བདག་ཏུ་འཛིན་པར་བཏང་བས། དེ་དག་གི་ཡུལ་ལས་ཁྱོད་ལ་ཅིའང་གཏོང་བར་མི་བྱ། ༡༠ སྔོན་དུས་སུ་ཨེ་མིམ་བྱ་བའི་མི་ཚོ་ཆེན་པོ་དང་མང་པོ་དང་ལུས་གཟུགས་རིང་པོ་ཨ་ནག་པ་རྣམས་དང་འདྲ་བ་ཞིག་ཡུལ་དེར་གནས་པ་དང་། ༡༡ དེ་དག་ཨ་ནག་པ་རྣམས་དང་འདྲ་བར་རེ་ཕ་ཨིམ་༼བོད་སྐད་དུ་གྱད་པ་རྣམས་༽སུ་བརྩིས་པར་གྱུར་ཏོ། དེ་དག་ལ་མོ་ཨབ་པ་རྣམས་ཀྱིས་ཨེ་མིམ་གྱི་མིང་བཏགས་སོ། ༡༢ ཡང་སེ་ཨིར་ན་སྔོན་དུས་སུ་ཧོར་པ་རྣམས་གནས་པ་དང་། ཨེ་སབ་ཀྱི་བུ་རྣམས་ཀྱིས་དེ་དག་བསྐྲད་ཅིང་ཡུལ་དེ་ལས་རང་གི་མདུན་ནས་མེད་པར་བྱས་ནས་དེ་དག་གི་མལ་དུ་དེར་གནས་སོ། ཨིས་ར་ཨེལ་གྱིས་ཡ་ཧོ་ཝཱས་དེ་དག་ལ་བདག་ཏུ་གནང་བའི་ཡུལ་ལ་བྱས་པ་བཞིན་ནོ། ༡༣ ད་ལོང་ལ་གྲོག་པོ་སེ་རེད་ཀྱི་ཕ་རོལ་དུ་སོང་ཞིག་ཅེས་བཀའ་སྩལ་ནས་ངེད་རྣམས་གྲོག་པོ་སེ་རེད་བརྒལ་ལོ། ༡༤ ངེད་རྣམས་ཁ་དཱེས་བར་ནེ་ཨ་ནས་ཆས་པ་ནས་བཟུང་སྟེ་གྲོག་པོ་སེ་རེད་བརྒལ་བའི་བར་དུ་ལོ་སུམ་ཅུ་སོ་བརྒྱད་ཙམ་སོང་ངོ་། དུས་དེའི་བར་དུ་ཡ་ཧོ་ཝཱས་དེ་དག་ལ་དབུ་མནའ་བཞེས་པ་བཞིན་དུ་དམག་མིའི་མི་རབས་ཐམས་ཅད་སྒར་གྱི་ནང་ནས་མེད་པར་བྱས་སོ། ༡༥ ཡང་དེ་དག་མེད་པར་མཛད་དུ་སྒར་གྱི་ནང་ནས་འཇིག་པར་མཛད་པའི་ཕྱིར་ཡ་ཧོ་ཝཱའི་ཕྱག་གིས་དེ་དག་ལ་བརྒོལ་ལོ༎
༡༦ ཡང་དམག་མི་ཐམས་ཅད་མི་སྡེའི་ནང་ནས་ཟད་ཅིང་ཤི་ཟིན་པའི་ཚེ། ༡༧ ཡ་ཧོ་ཝཱས་ང་ལ་འདི་སྐད་དུ། ༡༨ ཁྱོད་དེ་རིང་ཨཱར་ཞེས་པའི་མོ་ཨབ་ཀྱི་མཐའ་འཁོར་ནས་བརྒལ་ནས། ༡༩ ཨམ་མོན་གྱི་བུ་རྣམས་དང་ཉེ་བར་འོང་བས། དེ་དག་མ་འཚེ་བར་དམག་ཀྱང་མ་འདྲེན། ངས་ཡུལ་དེ་ལོད་ཀྱི་བུ་རྣམས་ལ་བདག་ཏུ་འཛིན་པར་བཏང་བས། ཨམ་མོན་གྱི་བུ་རྣམས་ཀྱི་ཡུལ་ནས་ཁྱོད་ལ་ཅིའང་བདག་ཏུ་འཛིན་པར་གནང་བར་མི་བྱ་བའི་ཕྱིར་རོ། ༢༠ ཡུལ་དེ་ཡང་གྱད་པ་རྣམས་ཀྱི་ཡུལ་ནང་བརྩིས་པར་གྱུར་ཏོ། དེ་རུ་གནས་པའི་གྱད་པ་རྣམས་ལ་ཨམ་མོན་པས་ཟམ་ཟུ་མིམ་པ་ཞེས་ཟེར་ཏོ། ༢༡ རིགས་བརྒྱུད་དེ་ནི་ཆེན་པོ་དང་མང་པོ་དང་ལུས་གཟུགས་རིང་པོ་ཨ་ནག་པ་རྣམས་དང་འདྲ་བ་ཡོད་དོ། རིགས་བརྒྱུད་དེ་ནི་དེ་དག་གི་མདུན་ནས་ཡ་ཧོ་ཝཱས་མེད་པར་མཛད་པས། དེ་དག་ཡུལ་དེ་ལས་བསྐྲད་ནས། དེ་དག་གི་མལ་དུ་དེར་གནས་སོ། ༢༢ དེ་བཞིན་དུ་སེ་ཨིར་ན་གནས་པའི་ཨེ་སབ་ཀྱི་བུ་རྣམས་ཀྱི་དོན་དུ་ཡང་མཛད་ཅིང་། ཧོར་པ་དེ་དག་གི་མདུན་ནས་མེད་པར་མཛད་པས། དེ་དག་ཡུལ་དེ་ལས་བསྐྲད་ནས་དེ་རིང་གི་ཉིན་མོའི་བར་དུ་དེ་དག་གི་མལ་དུ་དེར་གནས་སོ། ༢༣ དེ་བཞིན་དུ་ག་ཟཱ་ཡི་བར་དུ་ཡུལ་ཚོ་རྣམས་ན་གནས་པའི་ཨ་ཝིམ་པ་རྣམས་ནི་ཀབ་ཐོར་ཡུལ་ནས་ཐོན་པའི་ཀབ་ཐོར་པས་མེད་པར་བྱས་ནས་དེ་དག་གི་མལ་དུ་དེར་གནས་སོ། ༢༤ ལངས་ནས་སོང་ལ་གྲོག་ཆུ་ཨར་ནོན་ལས་རྒོལ་ཞིག ཀྱེ་ཧོ་ངས་ཧེས་བོན་གྱི་རྒྱལ་པོ་ཨ་མོར་པ་སི་ཧོན་དེའི་ཡུལ་དང་བཅས་སུ་ཁྱོད་ཀྱི་ལག་ཏུ་གཏང་ངོ་། ཡུལ་དེ་བདག་ཏུ་འཛིན་པ་ལ་ཆུག་ཅིག་དང་། དེ་ལ་དམག་དྲོང་ཞིག ༢༥ དེ་རིང་གི་ཉིན་པར་ངས་ནམ་མཁའ་ཐམས་ཅད་ཀྱི་འོག་ན་གནས་པའི་མི་བརྒྱུད་རྣམས་ཁྱོད་ལ་དངང་སྐྲག་ཏུ་འཇུག་པར་འགྱུར་བ་དང་། སུས་ཀྱང་ཁྱོད་ཀྱི་གཏམ་ཐོས་པ་རྣམས་ཀྱིས་ཁྱོད་ཀྱི་ཕྱིར་འདར་བ་དང་ཉམས་ང་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ༎
༢༦ ཡང་ངས་འབྲོག་སྟོང་ཁེ་དེ་མོད་བྱ་བ་ནས་ཧེས་བོན་གྱི་རྒྱལ་པོ་སི་ཧོན་གྱི་དྲུང་དུ་བང་ཆེན་རྣམས་བཏང་ནས་དེ་དག་གིས་བཟང་སྒྲིག་བྱེད་པའི་གཏམ་སྨྲ་ཞིང་། ༢༧ ང་ཁྱོད་ཀྱི་ཡུལ་དུ་རྒྱུད་ཞིང་རྒྱ་ལམ་ལ་འགྲུལ་ཏེ་གཡས་སམ་གཡོན་དུ་མི་བཟློག་གོ། ༢༨ ཁྱོད་ཀྱིས་ངས་དངུལ་གྱི་རིན་གཏོང་ཞིང་ལྟོ་ཟས་ཉོ་བར་བཅུག་ནས་ཟ་བར་འགྱུར། ཁྱོད་ཀྱིས་ངས་དངུལ་གྱི་རིན་གཏོང་ཞིང་ཆུ་གནང་ནས་ང་འཐུང་བར་འགྱུར། ང་རྐང་ཐང་དུ་འགྲུལ་ཞིང་ཕར་འགྲོ་བ་འབའ་ཞིག་ལ་དགའོ། ༢༩ ཅི་ལྟར་སེ་ཨིར་ན་གནས་པའི་ཨེ་སབ་ཀྱི་བུ་རྣམས་དང་། ཨཱར་ན་གནས་པའི་མོ་ཨབ་པ་རྣམས་ཀྱིས་ང་ལ་གནང་བ་དེ་ལྟར་ཁྱོད་ཀྱིས་ཀྱང་ང་ཡོར་དན་ཆུ་ལས་བརྒལ་ནས། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ང་ལ་གནང་བའི་ཡུལ་དུ་ཕྱིན་པའི་བར་དུ་གནོང་ཞིག་ཅེས་ཞུས་སོ། ༣༠ ཡང་ཧེས་བོན་གྱི་རྒྱལ་པོ་སི་ཧོན་ངེད་དེའི་ཡུལ་རྒྱུད་དེ་ཕར་འགྲོ་བར་མ་གནང་ངོ་། དེ་ཅིའི་ཕྱིར་ཞེ་ན། དེ་རིང་གི་ཉིན་པར་མངོན་པར་གྱུར་པ་བཞིན་དུ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་དེ་ཁྱེད་ཀྱི་ལག་ཏུ་གནང་བའི་དོན་དུ་དེའི་སེམས་ནི་གྱོང་ཞིང་སྙིང་སྲ་བར་མཛད་པའི་ཕྱིར་རོ། ༣༡ ཡང་ཡ་ཧོ་ཝཱས་ང་ལ་ལྟོས་ཤིག་ངས་ཁྱོད་ཀྱི་མདུན་དུ་སི་ཧོན་དང་དེའི་ཡུལ་ཁྱོད་ལ་གཏོང་བར་བརྩམས་པས། ཁྱོད་ལ་དེའི་ཡུལ་ནོར་སྐལ་དུ་ཐོབ་པའི་ཕྱིར་བདག་ཏུ་འཛིན་པ་ལ་ཞུགས་ཤིག་བཀའ་སྩལ་ཏོ། ༣༢ ཡང་སི་ཧོན་རང་གི་མི་ཐམས་ཅད་དང་བཅས་སུ་ངེད་ལ་དམག་འདྲེན་དུ་ཡ་ཧཱས་རུ་ཚུར་འོངས་ནས། ༣༣ ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་དེ་ངེད་ཀྱི་དབང་དུ་གནང་བས། ཁོ་རང་དང་བུ་རྣམས་དང་མི་ཐམས་ཅད་དང་བཅས་པ་དྲལ་བ་ཡིན། ༣༤ ཡང་ངེད་ཀྱིས་དེའི་དུས་སུ་དེའི་གྲོང་ཁྱེར་ཐམས་ཅད་ཁྱེར་པ་དང་། གྲོང་ཁྱེར་གང་ཡང་སྐྱེས་པ་དང་བུད་མེད་དང་བྱིས་པ་རྣམས་དང་བཅས་སུ་དམོད་པར་བྱས་ཤིང་མི་གཅིག་ཀྱང་ལུས་སུ་མ་བཅུག ༣༥ ལུག་ཕྱུགས་དང་བརྙེད་པའི་གྲོང་ཁྱེར་རྣམས་ཀྱི་བཅོམ་ནོར་འབའ་ཞིག་ངེད་ཀྱི་ཕྱིར་བླངས་པ་ཡིན། ༣༦ གྲོག་པོ་ཨར་ནོན་གྱི་ཕ་རོལ་གྱི་འགྲམ་ན་ཡོད་པའི་ཨ་རོ་ཨེར་དང་གྲོག་པོའི་འགྲམ་ན་ཡོད་པའི་གྲོང་ཁྱེར་ནས་བཟུང་སྟེ་གིལ་ཨད་ཀྱི་བར་དུ་ངེད་ཀྱིས་མ་ཐུབ་པའི་གྲོང་ཁྱེར་གང་ཡང་མེད་པ་ཡིན། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཐམས་ཅད་ངེད་ཀྱི་དབང་དུ་གནང་ངོ་། ༣༧ ཨམ་མོན་གྱི་བུ་རྣམས་ཀྱི་ཡུལ་དང་། གྲོག་པོ་ཡབ་བོག་གི་འཁོར་ཀུན་དང་། རི་རྒྱུད་ཀྱི་གྲོང་ཁྱེར་རྣམས་ལ། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ངེད་ལ་མ་གནང་ཞིང་ཁྱོད་ཉེ་བར་མ་འགྲོ་གསུངས་པ་འབའ་ཞིག་ཏུ་མ་སོང་བ་ཡིན༎