༣
ཡང་ངེད་ཆས་པ་ལས་བཱ་ཤན་གྱི་ལམ་ལ་གྱེན་དུ་སོང་བས། བཱ་ཤན་གྱི་རྒྱལ་པོ་ཨོག་བྱ་བ་རང་གི་མི་ཐམས་ཅད་དང་བཅས་པས་ངེད་ལ་དམག་འདྲེན་དུ་ཨེ་དྲེ་ཨི་རུ་ཚུར་འོངས་སོ། ༢ དེའི་ཚེ་ཡ་ཧོ་ཝཱས་ང་ལ། ངས་དེ་རང་དང་དེའི་མི་ཐམས་ཅད་དང་དེའི་ཡུལ་ཁྱོད་ཀྱི་ལག་ཏུ་བཏང་བས་མ་འཇིགས་ཤིག ཁྱོད་ཀྱིས་ཨ་མོར་པའི་རྒྱལ་པོ་སི་ཧོན་་ཧེས་བོན་ན་གནས་པ་ལ་བྱས་པ་དང་འདྲ་བར་དེ་ལ་ཡང་བྱེད་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ། ༣ ཡང་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་བཱ་ཤན་གྱི་རྒྱལ་པོ་ཨོག་དང་དེའི་མི་ཐམས་ཅད་ངེད་ཀྱི་ལག་ཏུ་གནང་བས་ངེད་ཀྱིས་དེ་ལས་གཅིག་ཀྱང་མ་ལུས་པའི་བར་དུ་མེད་པར་བྱས་སོ། ༤ ཡང་ངེད་ཀྱིས་དེའི་དུས་སུ་ཁོའི་གྲོང་ཁྱེར་ཐམས་ཅད་བླངས་ནས། གྲོང་ཁྱེར་མ་བཅོམ་པ་གཅིག་ཀྱང་མ་ལུས་སོ། བཱ་ཤན་ན་ཨོག་གི་རྒྱལ་ཁམས་ཀྱི་གྲོང་ཁྱེར་དྲུག་ཅུ་ཡོད་པའི་ཨར་གོབ་ཀྱི་ཡུལ་འཁོར་ཐམས་ཅད་བླངས་སོ། ༥ གྲོང་ཁྱེར་དེ་ཐམས་ཅད་ལྕགས་རི་མཐོན་པོ་དང་རྒྱ་སྒོ་དང་ཨར་ཤིང་རྣམས་དང་ལྡན་པ་ཡོད་པ་ཡིན། དེ་མ་གཏོགས་པར་ལྕགས་རི་མེད་པའི་ཡུལ་ཚོ་ཤིན་ཏུ་མང་པོ་ཡོད་པ་ཡིན། ༦ ཡང་ངེད་ཀྱིས་ཧེས་བོན་གྱི་རྒྱལ་པོ་སི་ཧོན་ལ་བྱས་པ་བཞིན་དུ་དེ་དག་གི་གྲོང་ཁྱེར་རེའི་སྐྱེས་པ་དང་བུད་མེད་དང་བྱིས་པ་རྣམས་མེད་པར་བྱས་སོ། ༧ ཕྱུགས་ཐམས་ཅད་དང་གྲོང་ཁྱེར་རྣམས་ཀྱི་བཅོམ་ནོར་ངེད་ཀྱི་ཕྱིར་བླངས་པ་ཡིན། ༨ དུས་དེ་རང་ལ་ངེད་ཀྱིས་ཡོར་དན་ཆུའི་ཕ་རོལ་ན་ཡོད་པའི་ལུང་བ་གྲོག་པོ་ཨར་ནོན་ནས་རི་ཧེར་མོན་གྱི་བར་དུ་ཨ་མོར་པའི་རྒྱལ་པོ་གཉིས་ཀྱི་ལག་པ་ནས་ལེན་པ་ཡིན། ༩ ཧེར་མོན་དེའི་མིང་ཚི་དོན་པ་རྣམས་ཀྱིས་སིར་ཡོན་དང་ཨ་མོར་པ་རྣམས་ཀྱིས་སེ་ནིར་ཞེས་བཏགས་སོ། ༡༠ ཐང་ལ་ཡོད་པའི་གྲོང་ཁྱེར་ཐམས་ཅད་དང་གིལ་ཨད་ཡུལ་ཐམས་ཅད་དང་བཱ་ཤན་པ་ཨོག་གི་རྒྱལ་ཁམས་ཀྱི་གྲོང་ཁྱེར་སལ་ཀཱ་དང་ཨེ་དྲེ་ཨི་ཡི་བར་དུ་བཱ་ཤན་ཡུལ་ཐམས་ཅད་ངེད་ཀྱིས་བླངས་སོ། ༡༡ བཱ་ཤན་གྱི་རྒྱལ་པོ་ཨོག་གཅིག་པོ་གྱད་པ་རྣམས་ཀྱི་ལྷག་མ་ནས་ལུས་པ་ཡིན་ནོ། ལྟོས་ཤིག དེའི་མལ་ཁྲི་ནི་ལྕགས་ཀྱིས་བཟོས་པའི་མལ་ཁྲིའི་རིང་ཁྱད་མིའི་ཁྲུ་ཚད་བཞིན་དུ་ཁྲུ་དགུ། ཞེང་ཁྱད་ཁྲུ་བཞི་ཡིན་ཏེ། མལ་ཁྲི་དེ་ཨམ་མོན་གྱི་བུ་རྣམས་ཀྱི་ཡུལ་རབ་བཱ་བྱ་བ་རུ་མེད་དམ།༡༢ ཡང་དེའི་དུས་སུ་ངེད་ལ་བདག་ཏུ་ཐོབ་པའི་ཡུལ་ནས་གྲོག་པོ་ཨར་ནོན་གྱི་ཕ་རོལ་ན་ཡོད་པའི་ཨ་རོ་ཨེར་ནས་བཟུང་སྟེ་རི་རྒྱུད་གིལ་ཨད་ཀྱི་ཕྱེད་དང་དེ་ན་ཡོད་པའི་གྲོང་ཁྱེར་རྣམས་ངས་རུ་བེན་དང་གད་ལ་བཏང་ངོ་། ༡༣ ཡང་གིལ་ཨད་ཀྱི་ལྷག་མ་དང་ཨོག་གི་རྒྱལ་ཁམས་བཱ་ཤན་ཐམས་ཅད་མ་ན་ཤེའི་སྡེ་ཕྱེད་ལ་བཏང་ངོ་། ཡུལ་གང་ཞེ་ན། ཡུལ་འཁོར་ཨར་གོབ་ཐམས་ཅད་གྱད་པ་རྣམས་ཀྱི་ཡུལ་ཞེས་ཟེར་བའི་བཱ་ཤན་ཡུལ་ཀུན་དང་བཅས་པའོ། ༡༤ མ་ན་ཤེའི་བུ་ཡ་ཨིར་གྱིས་ཨར་གོབ་དེ་རིང་གི་ཉིན་མོའི་བར་དུ་རང་གི་མིང་བཞིན་དུ་བཱ་ཤན་་ཧ་ཝོད་ཡ་ཨིར་ཞེས་བཏགས་ནས་ཡུལ་འཁོར་གེ་ཤུ་རི་དང་མ་ཨ་ཀད་ཀྱི་ས་མཚམས་ཀྱི་བར་དུ་བཟུང་ངོ་། ༡༥ ཡང་མ་ཀིར་ལ་ངས་གིལ་ཨད་བཏང་ངོ་། ༡༦ ཡང་རུ་བེན་དང་གད་ལ་ངས་གིལ་ཨད་ནས་བཟུང་སྟེ་གྲོག་པོ་ཨར་ནོན་གྱི་བར་དུ་ལུང་པ་ཕྱེད་དང་། གྲོག་པོ་ཡབ་བོག་གི་བར་དུ་ཨམ་མོན་གྱི་བུ་རྣམས་ཀྱི་ས་མཚམས་ཡོད་པའི་མཐའ་འཁོར་དང་། ༡༧ ཐང་དང་ཡོར་དན་དང་དེའི་འགྲམ་ཀིན་ནེ་རེད་ནས་ཤར་ཕྱོགས་ཀྱི་རི་ཕིས་ཀཱའི་ཟུར་ན་ཡོད་པའི་ཚྭ་མཚོ་ཞེས་བྱ་བའི་ཐང་གི་མཚོའི་བར་དུ་བཏང་ངོ་༎
༡༨ དེའི་ཚེ་ངས་ཁྱོད་རྣམས་ལ་འདི་སྐད་དུ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཡུལ་འདི་བདག་ཏུ་འཛིན་པའི་ཕྱིར་གནང་ངོ་། ཁྱོད་ལས་དམག་འདྲེན་དུ་རུང་བ་དཔའ་རྩལ་ཅན་གང་ཡིན་པ་གོ་ཆ་གོན་ཏེ་ཁྱེད་ཀྱི་སྤུན་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་སྔོན་དུ་ཕ་རོལ་ཏུ་འགྲོ་བའི་རིགས་སོ། ༡༩ ཁྱེད་ཀྱི་བཟའ་ཟླ་རྣམས་དང་ཕྲུ་གུ་རྣམས་དང་ཕྱུགས་འབའ་ཞིག་ངས་ཁྱེད་ལ་བཏང་བའི་གྲོང་ཁྱེར་རྣམས་ལ་གནས་པར་རུང་། ངས་ཁྱེད་ལ་ཕྱུགས་མང་པོ་ཡོད་པར་ཤེས་སོ། ༢༠ ནམ་གྱི་བར་དུ་འགྲོ་དགོས་ཞེ་ན། ཡ་ཧོ་ཝཱས་ཁྱེད་དང་འདྲ་བར་ཁྱེད་ཀྱི་སྤུན་རྣམས་ལ་ཡང་ངལ་གསོ་བ་གནང་ཞིང་། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཡོར་དན་ཆུའི་ཕ་རོལ་ན་གནང་རྒྱུ་ཡོད་པའི་ཡུལ་དེ་དེ་དག་གིས་བདག་ཏུ་མ་བཟུང་བའི་བར་དུའོ། དེའི་འོག་ཏུ་ངས་ཁྱེད་ལས་རེ་རེ་ལ་བཏང་བའི་ས་ཞིང་དང་ཁང་པ་རུ་ཕྱིར་ལོག་པའི་རིགས་སོ་ཞེས་བསྐུལ་ཏོ། ༢༡ ཡང་དེའི་ཚེ་ངས་ཡོ་ཤུ་ཨ་ལ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་རྒྱལ་པོ་དེ་གཉིས་ལ་ཅི་དང་ཅི་མཛད་པ་ཁྱོད་ཀྱི་མིག་གིས་མ་མཐོང་ངམ། དེ་བཞིན་དུ་ཁྱོད་གང་དུ་འགྲོ་བའི་རྒྱལ་ཁམས་ཐམས་ཅད་ལ་ཡ་ཧོ་ཝཱས་མཛད་པར་འགྱུར་རོ། ༢༢ དེ་དག་ལ་མ་འཇིགས་ཤིག ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་ཚབ་ཏུ་དགྲ་བྱེད་པ་རྣམས་གཞོམ་མོ་ཞེས་བསྐུལ་ཏོ༎
༢༣ དེའི་ཚེ་ངས་ཡ་ཧོ་ཝཱ་ལ་འདི་སྐད་དུ། ༢༤ ཀྱེ་ཡ་ཧོ་ཝཱ་དཀོན་མཆོག ཁྱེད་ཀྱིས་ཉིད་ཀྱི་མངའ་ཐང་དང་ཕྱག་མཐུ་ལྡན་ནི་ཉིད་ཀྱི་བྲན་པོ་ལ་སྟོན་པར་བརྩམས། ཁྱེད་ཀྱི་ཕྲིན་ལས་དང་ཁྱེད་ཀྱི་མངའ་ཐང་བཞིན་དུ་མཛད་པའི་དཀོན་མཆོག་ནམ་མཁའ་དང་ས་ལ་གང་ན་ཡོད། ༢༥ བདག་ཡོར་དན་གྱི་ཕ་རོལ་ན་ཡོད་པའི་ཡུལ་བཟང་པོ། རི་རྒྱུད་བཟང་པོ་འདི་དང་རི་ལི་བ་ནོན་མཐོང་བར་དགའ་བས། བདག་ཕ་རོལ་ཏུ་འགྲོ་བར་གནོང་ཞིག་ཅེས་གསོལ་པས། ༢༦ ཡ་ཧོ་ཝཱ་ཁྱོད་རྣམས་ཀྱི་རྐྱེན་གྱིས་ང་ལ་ཐུགས་ཁྲོས་ཤིང་ངའི་ཞུ་བ་ལ་མ་གསན་ཏེ་ཡ་ཧོ་ཝཱས་ང་ལ། ད་ཆོག བྱ་བ་དེའི་གཏམ་ང་ལ་ལྷག་པར་མ་ཞུ། ༢༧ རི་ཕིས་ཀཱའི་རྩེ་མོ་ལ་འཛེག་ནས། ཁྱོད་ཀྱི་མིག་ནུབ་དང་བྱང་དང་ལྷོ་དང་ཤར་ཕྱོགས་སུ་ཐེག་ལ་ཁྱོད་ཀྱི་མིག་གིས་ལྟོས་ཤིག དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཡོར་དན་ཆུའི་ཕ་རོལ་ཏུ་འགྲོ་བར་མི་འགྱུར། ༢༨ ཡོ་ཤུ་ཨ་ལ་དབང་བསྐུར་ནས་དེ་ལ་བརྟན་པོར་བྱོས་ལ་དེའི་སྟོབས་སྤེལ་བར་བྱོས་ཤིག དེ་ནི་མི་སྡེ་འདིའི་མདུན་དུ་ཕ་རོལ་ཏུ་འགྲོ་ཞིང་། ཁྱོད་ཀྱིས་མཐོང་བའི་ཡུལ་ནི་དེ་དག་གིས་བདག་ཏུ་འཛིན་དུ་འཇུག་པར་འགྱུར་རོ་ཞེས་བཀའ་གནང་ངོ་། ༢༩ དེ་ལྟར་ངེད་ལུང་པ་རུ་བེད་ཕེ་ཨོར་བྱ་བའི་ཐང་དུ་གནས་སོ༎