ད་ཀྱེ་ཨིས་ར་ཨེལ་ངས་ཁྱེད་ཀྱིས་དེ་བཞིན་དུ་བྱེད་པའི་ཕྱིར་སྟོན་པའི་སྤྱད་མཚམས་དང་བཀའ་ཁྲིམས་དེ་ལ་ཉོན་ཅིག གང་ལ་ཞེ་ན། ཁྱེད་འཚོ་བ་དང་། ཡ་ཧོ་ཝཱ་ཁྱེད་ཀྱི་ཕ་མེས་ཀྱི་དཀོན་མཆོག་གིས་ཁྱེད་ལ་གནང་བའི་ཡུལ་དུ་འཇུག་ཅིང་བདག་ཏུ་འཛིན་པའི་ཕྱིར་རོ།  ངས་ཁྱེད་ལ་སྐུལ་བའི་བཀའ་དེ་ལ་མ་སྣོན་དེ་ལས་ཡང་མ་འཕྲི་བར་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བཀའ་ཁྲིམས་དེས་ཁྱེད་ལ་སྐུལ་བ་རྣམས་སྲུངས་ཤིག  ཁྱེད་ཀྱི་མིག་གིས་ནི་ཡ་ཧོ་ཝཱས་བ་ཨཱལ་ཕེ་ཨོར་གྱི་ཕྱིར་ཅི་དང་ཅི་མཛད་པ་མཐོང་བ་ཡིན། མི་གང་ཡང་བ་ཨཱལ་ཕེ་ཨོར་གྱི་རྗེས་སུ་འབྲངས་པ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་ནང་ནས་མེད་པར་མཛད་དོ།  ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་རྟེན་པ་ཁྱེད་ཐམས་ཅད་དེ་རིང་གི་ཉིན་པར་གསོན་ནོ།  ཀྱེ་ཧོ་ཡ་ཧོ་ཝཱ་ངའི་དཀོན་མཆོག་གིས་ང་ལ་བཀའ་སྩལ་པ་བཞིན་དུ་ངས་ཁྱོད་ལ་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་བསྟན་ཏོ། ཁྱེད་ཅི་བདག་ཏུ་འཛིན་དུ་འགྲོ་བའི་ཡུལ་དེར་དེ་བཞིན་དུ་བྱེད་པའི་ཕྱིར་རོ།  དེ་བས་ན་དེ་བཞིན་དུ་བྱོས་ལ་སྲུངས་ཤིག དེ་ནི་མི་སྡེ་རྣམས་ཀྱི་མཐོང་ངོར་ཁྱེད་ཀྱི་ཤེས་རབ་དང་བློ་གྲོས་ཡིན་ཏེ། དེ་དག་གིས་བཀའ་ཁྲིམས་འདི་ཐམས་ཅད་ཐོས་ཤིང་འདི་སྐད་དུ། མི་སྡེ་ཆེན་པོ་འདི་ཤེས་རབ་དང་བློ་གྲོས་དང་ལྡན་པ་ཡིན་པར་ངེས་སོ་ཞེས་སྨྲ་བར་འགྱུར་རོ།  ཅི་ལ་ཞེ་ན། ངེད་ཀྱི་དཀོན་མཆོག་གིས་ངེད་ཀྱིས་ཁོང་ལ་ནམ་གསོལ་བ་འདེབས་སྐབས་ཀུན་ཏུ་ངེད་ལ་ཐུགས་ཉེ་བ་ལྟར་མཛད་དེ།  མི་བརྒྱུད་ཆེན་པོ་གཞན་ཞིག་དེ་ལྟ་བུའི་དཀོན་མཆོག་དང་ལྡན་པ་གང་ཡོད་པ་ངས་ཁྱེད་ལ་དེ་རིང་གཏན་ལ་འབེབས་པའི་སྤྱད་མཚམས་དང་ཁྲིམས་དྲང་པོ་རྣམས་དང་འདྲ་བའི་བཀའ་ཁྲིམས་དང་ལྡན་པའི་མི་བརྒྱུད་ཆེན་པོ་གང་དུ་ཡོད།
 འོན་ཀྱང་ཁྱོད་ཀྱི་མིག་གིས་མཐོང་བའི་བྱ་བ་རྣམས་མི་རྗེད་པ་དང་ཁྱོད་མ་འཆི་བའི་བར་དུ་ཞག་རེ་བཞིན་ཁྱོད་ཀྱི་སྙིང་ནས་འཚོར་བར་མི་འཇུག་གི། ཁྱོད་ཀྱི་བུ་རྣམས་དང་། ཁྱོད་ཀྱི་བུ་རྣམས་ཀྱི་བུ་རྣམས་ལ་སྟོན་པ་ལ་ཟོན་བྱོས་ལ་སེམས་སྲུངས་ཤིང་། ༡༠ བྱ་བ་གང་ཞེ་ན། ཁྱོད་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་སྤྱན་སྔར་རི་ཧོ་རེབ་ཀྱི་དྲུང་དུ་བྱུང་བའི་ཉིན་མོར་ཡ་ཧོ་ཝཱས་ང་ལ་མི་སྡེ་ངའི་ཕྱིར་སྡུས་དང་། དེ་དག་ས་ལ་ནམ་འཚོ་བའི་བར་དུ་ང་ལ་འཇིགས་པ་དང་། དེ་དག་གིས་རང་གི་བུ་རྣམས་ལ་སློབ་པའི་ཕྱིར་ངས་དེ་དག་གིས་སློབ་རྒྱུ་ཡིན་པའི་བཀའ་རྣམས་སྟོན་པར་བྱའོ་ཞེས་བཀའ་སྩལ་ཏོ། ༡༡ ཡང་ཁྱེད་ཉེ་བར་འོངས་ཏེ་རིའི་རྩ་བའི་མདུན་དུ་འགྲེང་བའི་ཚེ། རི་ནམ་མཁའི་གཞུང་གི་བར་དུ་མེས་འབར་བ་དང་། གློག་སྤྲིན་དང་མུན་པ་མུན་ནག་བྱུང་ངོ་། ༡༢ ཡང་མེའི་དཀྱིལ་ནས་ཡ་ཧོ་ཝཱས་ཁྱེད་ལ་གསུངས་པ་དང་། གསུང་གི་སྒྲ་ཁྱེད་ཀྱིས་ཐོས་ཀྱང་། སྒྲ་མ་གཏོགས་པར་སྐུ་གཟུགས་གང་ཡང་མ་མཐོང་། ༡༣ ཡང་ཁོང་གིས་ཉིད་ཀྱི་ཞལ་ཆད་ཞེ་ན་བཀའ་བཅུ་ནི་ཁྱོད་རྣམས་ལ་བསྒྲགས་ཤིང་ཁྱེད་ཀྱིས་དེ་བཞིན་དུ་བྱེད་པར་དགོས་ཤེས་བཀའ་སྩལ་ནས། རྡོ་ལེབ་གཉིས་ཀྱི་ཁར་བྲིས་པར་མཛད་དོ། ༡༤ དེའི་ཚེ་ཡ་ཧོ་ཝཱས་ང་ལ། དེ་དག་ལ་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་སྟོན་ལ། དེ་དག་གང་གི་ཡུལ་བདག་ཏུ་འཛིན་པར་ཕ་རོལ་ཏུ་འགྲོ་ན། ཡུལ་དེ་ན་དེ་བཞིན་དུ་བྱེད་པར་དགོས་སོ་ཞེས་བཀའ་གནང་ངོ་༎
༡༥ དེ་བས་ན་ཡ་ཧོ་ཝཱས་རི་ཧོ་རེབ་ལ་མེའི་དཀྱིལ་ནས་གསུང་མཛད་པའི་ཉིན་མོར་ཁྱེད་ཀྱིས་གཟུགས་བརྙན་གང་ཡང་མ་མཐོང་བས། ༡༦ ཁྱེད་ཀྱིས་རང་སླད་པར་མི་བྱེད་པའི་ཕྱིར་ཁྱེད་ལ་སྐུ་འདྲ་ཞིག་བཟོ་བ་ལས་རང་གི་སེམས་ཞིབ་པར་སྲུངས་ཤིག སྐུ་འདྲ་གང་ཞེ་ན། གཟུགས་བརྙན་གྱི་དབྱིབས་གང་རུང་དང་། ཕོ་མོའི་དབྱིབས་དང་། ༡༧ ས་གཞི་ལ་ཡོད་པའི་དུད་འགྲོ་ཡི་དབྱིབས་གང་རུང་དང་། བར་སྣང་ན་འཕུར་བའི་འདབ་ཆགས་ཀྱི་དབྱིབས་གང་རུང་དང་། ༡༨ ས་ལ་ལྟོ་འགྲོའི་དབྱིབས་གང་རུང་དང་། སའི་འོག་ན་ཡོད་པའི་ཉའི་དབྱིབས་གང་རུང་ངོ་། ༡༩ ཡང་ཁྱོད་ཀྱི་མིག་ནམ་མཁའི་ཕྱོགས་ལ་འདེགས་ཤིང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ནམ་མཁའ་ཐམས་ཅད་ཀྱི་འོག་ན་ཡོད་པའི་མི་ཐམས་ཅད་ལ་བགོས་པར་མཛད་པའི་ཉི་མ་དང་ཟླ་བ་དང་སྐར་མ་རྣམས་ཞེ་ན། ནམ་མཁའི་ཚོགས་ཐམས་ཅད་ལ་ཁྱོད་ཀྱིས་མཐོང་ཞིང་ལྟ་བ་ལོག་ནས་དེ་དག་ལ་ཕྱག་འབུལ་ཞིང་གཡོག་བྱེད་པ་ལས་སྲུངས་ཤིག ༢༠ ཡང་ཡ་ཧོ་ཝཱས་ཁྱོད་རྣམས་བཟུང་ནས། དེ་རིང་གི་ཞག་ལ་འོང་བ་བཞིན་དུ་ཁྱེད་ཁོང་གིས་བདག་ཏུ་མཛད་པའི་རིགས་བརྒྱུད་འབྱུང་བའི་ཕྱིར་དུ་མི་སེར་ཡུལ་གྱི་ལྕགས་ཀྱི་མེ་ཐབ་ཀྱི་ནང་ནས་བཏོན་པར་མཛད། ༢༡ ཡང་ཁྱོད་རྣམས་ཀྱི་རྐྱེན་གྱིས་ཡ་ཧོ་ཝཱས་ང་ལ་ཐུགས་ཁྲོས་ཤིང་ང་ཡོར་དན་ཆུའི་ཕ་རོལ་ཏུ་མི་འགྲོ་སྟེ། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་ནོར་སྐལ་དུ་གནང་བའི་ཡུལ་བཟང་པོ་དེར་ཕྱིན་པ་མི་འགྱུར་བའི་ཕྱིར་དབུ་མནའ་བཞེས་སོ། ༢༢ ང་ནི་ཡུལ་འདི་ན་འཆི་སྟེ་ཡོར་དན་གྱི་ཕ་རོལ་ཏུ་མི་འགྲོའི། ཁྱེད་འགྲོ་ཞིང་ཡུལ་བཟང་པོ་དེ་བདག་ཏུ་འཛིན་པར་འགྱུར་རོ། ༢༣ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་དང་མཛད་པའི་ཞལ་ཆད་བརྗེད་དེ། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་བཀག་པའི་སྐུ་འདྲའམ་རྫས་ཤིག་གི་དབྱིབས་གང་ཡང་བཟོ་བ་ལས་སྲུངས་ཤིག ༢༤ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ནི་ཟ་བའི་མེ་ལྟ་བུ་དང་། དཀོན་མཆོག་འགྲན་སེམས་ཅན་ཞིག་ལགས་པའི་ཕྱིར་རོ༎
༢༥ ཁྱེད་ལས་བུ་རྣམས་དང་། བུ་རྣམས་ཀྱི་བུ་རྣམས་བྱུང་བ་དང་ཡུན་རིང་ཞིག་ཡུལ་དེ་ན་གནས་པར་འགྱུར་བའི་ཚེ་ན། གལ་ཏེ་ཁྱོད་ཀྱིས་རང་སླད་པར་བྱེད་དེ་སྐུ་འདྲའམ་རྫས་ཤིག་གི་དབྱིབས་གང་ཡང་བཟོས་པས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་སྤྱན་སྔར་ངན་པ་སྤྱོད་ཅིང་ཁོང་གི་ཐུགས་ཁྲོ་དཀྲུག་ན། ༢༦ ངས་དེ་རིང་གི་ཞག་ལ་ཁྱེད་ཀྱི་ཕྱིར་ནམ་མཁའ་དང་ས་དཔང་པོར་འཛུག་ཏེ་ཁྱེད་མྱུར་དུ་གང་གི་ཡུལ་བདག་ཏུ་འཛིན་པའི་ཕྱིར་ཡོར་དན་ཆུའི་ཕ་རོལ་ཏུ་འགྲོ་བ་དེའི་ནང་ན་ཁྱོད་རྣམས་ནི་ཡུན་རིང་ཞིག་ཏུ་མ་གནས་པར་ཁྱོན་ནས་མེད་པར་འགྱུར་རོ། ༢༧ ཡང་ཡ་ཧོ་ཝཱས་ཁྱེད་མི་བརྒྱུད་རྣམས་ཀྱི་ཁྲོད་དུ་འབྱེར་བར་མཛད་དེ། གཞན་མི་བརྒྱུད་རྣམས་ཀྱི་ཁྲོད་དུ་ཡ་ཧོ་ཝཱས་ཁྱོད་སྐྲོད་པར་འགྱུར་བ་དེར་ཁྱེད་གྲངས་ཉུང་བ་འབའ་ཞིག་ལུས་པར་འགྱུར་རོ། ༢༨ དེར་ཁྱེད་ཀྱིས་མིས་བཟོས་པའི་ལྷ་རྡོ་དང་ཤིང་ནས་བཟོས་པ་མིག་མི་མཐོང་པ། རྣ་བས་མི་ཐོས་པ། ཁ་ཟས་མི་ཟ་བ། སྣས་མི་སྣུམ་པ་རྣམས་ལ་གཡོག་བྱའོ། ༢༩ ཡང་ཁྱོད་ཀྱིས་དེ་ནས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་འཚོལ་ན། གལ་ཏེ་སྙིང་ཚང་མ་དང་སེམས་ཚང་མ་ནས་འཚོལ་ན་རྙེད་པར་འགྱུར་རོ། ༣༠ ཁྱོད་སྡུག་བསྔལ་མྱོང་ཞིང་མཐའ་མའི་དུས་སུ་གཏམ་དེ་རྣམས་བཞིན་དུ་ཁྱོད་ལ་འབྱུང་བའི་ཚེ་གལ་ཏེ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཕྱོགས་སུ་སེམས་སྒྱུར་ཏེ་ཁོང་གི་བཀའ་ལ་ཉན་ན། ༣༡ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ནི་དཀོན་མཆོག་ཐུགས་བརྩེ་བར་དགོངས་པ་ལགས་པས། ཁོང་གིས་ཁྱོད་མི་སྤོང་། མི་གཞིག དབུ་མནའ་བཞེས་ཤིང་ཁྱོད་ཀྱི་ཕ་མེས་དང་མཛད་པའི་ཞལ་ཆད་དེ་ཐུགས་གཡེལ་བར་མི་འགྱུར་རོ༎
༣༢ འོ་ན་སྔོན་འདས་པའི་དུས་སུ་ཁྱོད་ད་རུང་མ་གསོན་པའི་ཚེ་དཀོན་མཆོག་གིས་ས་གཞི་ལ་ཐོག་མར་མི་ནི་བཀོད་པའི་ཉི་མ་ནས་བཟུང་སྟེ་ནམ་མཁའི་ཕྱོགས་གཅིག་ནས་ཕྱོགས་གཞན་མའི་བར་དུ་འདི་ལྟ་བུ་ཆེན་པོ་ཞིག་ཡོད་པ་ཡིན་ནམ་ཐོས་པར་གྱུར་པ་འདྲིས་ཤིག ༣༣ ཁྱོད་དང་འདྲ་བར་མི་བརྒྱུད་གཅིག་གིས་མེའི་གཞུང་ལས་དཀོན་མཆོག་གིས་གསུང་བ་ཐོས་ནས་འཚོའམ། ༣༤ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་མི་སེར་ཡུལ་ན་ཁྱེད་ཀྱི་མཐོང་ངོར་ཅི་དང་ཅི་ཁྱེད་ལ་མཛད་པ་དང་འདྲ་བར་དཀོན་མཆོག་གིས་མི་བརྒྱུད་ཅིག་མི་བརྒྱུད་གཞན་ཞིག་གི་དབུས་ནས་ཉམས་ཚོད་བཞེས་པའི་ཐབས་དང་ལྟས་དང་ཕྲིན་ལས་ངོ་མཚར་ཆེ་བ་དང་དམག་དང་མཐུ་ལྡན་པའི་བརྐྱང་བའི་ཕྱག་དང་སྡུག་བསྔལ་ཆེ་བ་རྣམས་ཀྱི་སྒོ་ནས་ཉིད་ཀྱི་ཕྱིར་ནམ་འདམ་པར་མཛད་པ་ཡིན། ༣༥ ཁྱོད་ལ་དེ་བསྟན་པར་གྱུར་བའི་དོན་ནི། ཡ་ཧོ་ཝཱ་ནི་དཀོན་མཆོག་ལགས་ཤིང་ཁོང་མ་གཏོགས་པར་དཀོན་མཆོག་གཞན་ཞིག་མེད་པ་ཁྱོད་ཀྱིས་རྟོགས་པའི་ཕྱིར་ཡིན་ནོ། ༣༦ ཁྱོད་ལ་ཞལ་གདམས་མཛད་པའི་ཕྱིར་ནམ་མཁའ་ལས་ཉིད་ཀྱི་གསུང་ཁྱོད་ལ་ཐོས་སུ་བཅུག ས་རུ་ཁོང་གི་མེ་ཆེན་པོ་ཁྱོད་ལ་མཐོང་དུ་བཅུག ཁོང་གི་བཀའ་མེའི་གཞུང་ལས་ཐོན་པ་རྣམས་ཁྱོད་ཀྱིས་ཐོས་སོ། ༣༧ ཡང་ཁོང་གིས་ཁྱོད་ཀྱི་ཕ་མེས་ལ་བྱམས་པས། དེའི་ཕྱིར་དུ་ཁོང་གིས་དེ་ཚོའི་རྗེས་སུ་དེ་དག་གི་ས་བོན་འདམས་ནས། ཁོང་མཉམ་པོ་བཞུགས་ཤིང་རང་གི་དབང་ཆེ་བས་ཁྱེད་མི་སེར་ཡུལ་ནས་ཁྲིད་དོ། ༣༨ ཁྱོད་ལས་མི་བརྒྱུད་ཆེ་བ་དང་དབང་ཅན་རྣམས་ཁྱེད་ཀྱི་སྔོན་དུ་བསྐྲད་ནས། ཁྱེད་ནང་དུ་འཁྲིད་པ་དང་། ཁྱོད་ལ་དེ་དག་གི་ཡུལ་ས་སྐལ་དུ་གནང་བའི་ཕྱིར་རོ། ཇི་ལྟར་དེ་རིང་གི་ཉིན་མོ་ལ་ཡོད་དོ། ༣༩ དེ་བས་ན་ཡ་ཧོ་ཝཱ་མ་གཏོགས་པར་སྟེང་གི་ནམ་མཁའ་དང་འོག་གི་ས་རུ་དཀོན་མཆོག་གཞན་སུ་ཡང་མེད། དེ་ནི་དེ་རིང་གི་ཉིན་པར་སྒོམས་ལ་སྙིང་ལ་ཆོང་ཞིག ༤༠ ཡང་ཁོང་གི་སྤྱད་མཚམས་དང་བཀའ་ཁྲིམས་ངས་དེ་རིང་ཁྱོད་ལ་སྐུལ་བ་རྣམས་སྲུང་ཤིག དེ་བཞིན་དུ་བྱ་ན་ཁྱོད་བུ་རྣམས་དང་བཅས་པ་བདེ་བར་འགྱུར་བ་དང་། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་དུས་རྒྱུན་ཕྱིར་ཁྱོད་ལ་གནང་བའི་ཡུལ་དེར་ཡུན་རིང་པོར་འཚོ་བར་འགྱུར་རོ་ཞེས་བཀའ་སྩལ་ཏོ༎
༤༡ དེའི་འོག་ཏུ་མོ་ཤེས་ཡོར་དན་ཆུའི་ཕ་རོལ་ན་ཤར་ཕྱོགས་སུ་གྲོང་ཁྱེར་གསུམ་འདམས་སོ། ༤༢ དེ་ཅིའི་ཕྱིར་ཞེ་ན། མི་ཞིག་གིས་ཁྱིམ་མཚེས་ལ་སྔོན་ནས་འཁོན་མེད་པར་མ་ཤེས་པར་བསད་མཁན་དེ་ཤོར་ཏེ། གལ་ཏེ་གྲོང་ཁྱེར་དེ་དག་ལས་གཅིག་ཏུ་འབྲོས་ན་གསོན་པོར་ལུས་པའི་ཕྱིར་རོ། ༤༣ གྲོང་ཁྱེར་གང་ཞེ་ན། རུ་བེན་པ་རྣམས་ཀྱི་ཁྲོད་དུ་ཐང་སྟོང་ལ་འབྲོག་སྟོང་ན་བེ་ཚེར་དང་། གད་པ་རྣམས་ཀྱི་ཁྲོད་དུ་གིལ་ཨད་ན་རཱ་མོད་དང་། མ་ན་ཤེ་པ་རྣམས་ཀྱི་ཁྲོད་དུ་བཱ་ཤན་ན་གོ་ལན་ཞེས་བྱ་བའོ༎
༤༤ དེ་ནི་མོ་ཤེས་ཨིས་ར་ཨེལ་གྱི་བུ་རྣམས་ལ་བསྟན་པའི་བཀའ་ཁྲིམས་ལགས་སོ། ༤༥ ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་ཐོན་ནས། མོ་ཤེ་དེ་དག་ལ་བསྟན་པའི་དཔང་མཛད་རྣམས་དང་སྤྱད་མཚམས་རྣམས་དང་བཀའ་ཁྲིམས་རྣམས་ཡིན། ༤༦ གནས་གང་ན་བསྟན་ཞེ་ན། ཡོར་དན་ཆུའི་ཕ་རོལ་ན་ཡོད་པའི་ལུང་པ་བེད་ཕེ་ཨོར་གྱི་ཐད་དུ་ཧེས་བོན་དུ་གནས་པའི་ཨ་མོར་པའི་རྒྱལ་པོ་སི་ཧོན་གྱི་ཡུལ་དུ་བསྟན་ཏོ། མོ་ཤེ་དང་ཨིས་ར་ཨེལ་གྱི་བུ་རྣམས་མི་སེར་ཡུལ་གྱི་ནང་ནས་ཐོན་ནས་རྒྱལ་པོ་དེ་ལས་རྒྱལ་ནས། ༤༧ དེ་དང་བཱ་ཤན་གྱི་རྒྱལ་པོ་ཨོག་ནི་ཨ་མོར་པ་རྣམས་ཀྱི་རྒྱལ་པོ་དེ་གཉིས་ཀྱི་ཡུལ་ཡོར་དན་ཆུའི་ཕ་རོལ་ཏུ་ཤར་ཕྱོགས་སུ་ཡོད་པ་དེ་བདག་ཏུ་བཟུང་ངོ་། ༤༨ ཡུལ་དེ་ནི་གྲོག་པོ་ཨར་ནོན་གྱི་འགྲམ་ན་ཡོད་པའི་ཨ་རོ་ཨེར་ནས་ཧེར་མོན་བྱ་བའི་རི་སི་ཡོན་གྱི་བར་དུ་དང་། ༤༩ ཡོར་དན་གྱི་ཕ་རོལ་ཏུ་ཤར་ཕྱོགས་སུ་ཡོད་པའི་ཐང་ཐམས་ཅད་དང་རི་ཕིས་ཀཱ་ཡི་ངོགས་ལ་ཡོད་པའི་ཐང་གི་མཚོའི་བར་དུ་འདུག་གོ།