༥
ཡང་མོ་ཤེས་ཨིས་ར་ཨེལ་ཐམས་ཅད་བོས་ནས་དེ་དག་ལ་འདི་སྐད་ཅེས་སྨྲས་པ། ཀྱེ་ཨིས་ར་ཨེལ་དེ་རིང་ངས་ཁྱེད་ཀྱི་རྣ་བར་སྨྲ་བའི་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་ལ་ཉོན་ལ་སློབ་དང་། དེ་བཞིན་བྱེད་དུ་བྱ་ར་བྱོས་ཤིག ༢ ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཧོ་རེབ་ལ་ངེད་དང་ཞལ་ཆད་མཛད་དོ། ༣ ངེད་ཀྱི་ཕ་མེས་དང་ཡ་ཧོ་ཝཱས་ཞལ་ཆད་འདི་མ་མཛད་ཀྱིས། ངེད་རང་དེ་རིང་འདི་རུ་གསོན་པོར་འདུག་པ་ཐམས་ཅད་དང་ཞལ་ཆད་མཛད་པ་ཡིན། ༤ ཡ་ཧོ་ཝཱས་ཞལ་ངོས་སུ་མེའི་དཀྱིལ་ནས་རི་ལ་ཁྱེད་ལ་གསུང་གླེང་མཛད། ༥ ཡང་ཁྱེད་མེས་འཇིགས་ཤིང་རི་ལ་མ་འཛེགས་པས། ངས་ཁྱེད་ལ་ཡ་ཧོ་ཝཱའི་བཀའ་སྒྲོག་པའི་དོན་དུ་དེའི་དུས་སུ་ཡ་ཧོ་ཝཱ་དང་ཁྱེད་ཀྱི་བར་ལ་འགྲེང་བསྡད་པ་ཡིན།༦ ཡང་ཁོང་གིས་འདི་སྐད་དུ། ང་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལགས་པས། ཁྱོད་མི་སེར་ཡུལ་བྲན་བྱེད་པའི་ཁང་པ་ནས་བཏོན་པ་ཡིན།
༧ ང་མ་གཏོགས་པར་གཞན་ལྷ་རྣམས་ལ་ཁྱོད་རང་རྟེན་པར་མི་རུང་།
༨ སྐུ་འདྲ་དང་། སྟེང་གི་ནམ་མཁའ་འམ། འོག་གི་སའམ། ས་འོག་གི་ཆུ་ལ་ཡོད་པའི་སེམས་ཅན་ཞིག་གི་གཟུགས་བརྙན་གང་ཡང་ཁྱོད་ཀྱི་ཕྱིར་མ་བྱེད། ༩ དེ་ལ་ཕྱག་མ་འཚལ། རིམ་གྲོ་ཡང་མ་བྱེད་ཅིག དེ་ཅིའི་ཕྱིར་ཞེ་ན། ང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ནི་འགྲན་སེམས་ཅན་ཞིག་ཡིན་ཏེ་ཕ་རྣམས་ཀྱི་སྡིག་པའི་དོན་དུ་བུ་ང་ལ་སྡང་བ་རྣམས་ལ་བུ་ཚ་རབས་གསུམ་བཞིའི་བར་དུ་ཆད་པས་གཅོད། ༡༠ ང་ལ་ཆགས་ཤིང་བཀའ་བཞིན་དུ་བྱེད་པ་རྣམས་ལ་བུ་ཚ་རབས་སྟོང་གི་བར་དུ་བརྩེ་བར་བྱེད་དོ༎
༡༡ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་མཚན་དོན་མེད་ལ་མ་ལེན་ཞིག གང་ལ་ཞེ་ན། སུས་ཀྱང་ཁོང་གི་མཚན་དོན་མེད་ལ་ལེན་པ་དེ་ཡ་ཧོ་ཝཱས་སྐྱོན་མེད་རྩི་བར་མི་འགྱུར་རོ༎
༡༢ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བཀའ་གནང་བ་བཞིན་དུ་ཤབ་བཱད་ཀྱི་ཉིན་མོ་དམ་པར་སྲུང་ཞིག ༡༣ ཞག་དྲུག་ནང་འབད་ཅིང་རང་གི་ལས་ཚང་མ་བྱོས་ཤིག ༡༤ འོན་ཀྱང་ཞག་བདུན་པ་ནི་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཤབ་བཱད་ཡིན་པས། ཁྱོད་རང་དང་ཁྱོད་ཀྱི་བུ་དང་། བུ་མོ་དང་། གཡོག་པོ་དང་། གཡོག་མོ་དང་། གླང་དང་། བོང་བུ་དང་། ཕྱུགས་ཐམས་ཅད་དང་། ཁྱོད་ཀྱི་སྒོ་ཁང་ལ་ཡོད་པའི་ཕྱི་མིས་ཀྱང་ལས་གང་ཡང་མ་བྱེད་དེ་ཁྱོད་རང་དང་འདྲ་བར་ཁྱོད་ཀྱི་གཡོག་པོ་དང་གཡོག་མོ་ངལ་གསོ་བའི་རིགས་སོ། ༡༥ ཁྱོད་མི་སེར་ཡུལ་ན་གཡོག་པོ་བྱས་ནས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཕྱག་མཐུ་ལྡན་བརྐྱང་བས་དེ་ལས་ཕྱི་རོལ་ཏུ་བཏོན་པ་དེ་དྲན་ཞིག དེའི་དོན་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཤབ་བཱད་ཀྱི་ཉིན་མོ་སྲུང་ཞིག་ཅེས་བཀའ་གནང་ངོ་༎
༡༦ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་བཀའ་སྩལ་པ་བཞིན་དུ་ཁྱོད་ཀྱི་ཕ་མ་གཉིས་ལ་བཀུར་སྟི་བྱོས་ཤིག ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱོད་ལ་གནང་བའི་ཡུལ་ནང་བདེ་བར་གནས་ཏེ་ཚེ་རིང་བར་འགྱུར་རོ༎
༡༧ མི་མ་གསོད།
༡༨ ལོག་གཡེམ་མ་བྱེད།
༡༩ མ་རྐུ།
༢༠ རང་གི་ཁྱིམ་མཚེས་པ་ལ་རྫུན་གྱི་དཔང་པོ་མ་བྱེད།
༢༡ ཁྱིམ་མཚེས་པའི་ཆུང་མ་ལ་མ་སྲེད་ཅིག ཁྱིམ་མཚེས་པའི་ཁང་པ་དང་། ཞིང་དང་། གཡོག་པོ་དང་། གཡོག་མོ་དང་། གླང་དང་། བོང་བུ་དང་། ཁྱིམ་མཚེས་པའི་ཅི་ཡིན་ཚད་ལ་མ་ཧམ་ཞིག
༢༢ ཅེས་པའི་བཀའ་རྣམས་ཡ་ཧོ་ཝཱས་རི་ལ་མེ་དང་སྤྲིན་པ་དང་མུན་པ་ཤིན་ཏུ་མུན་ནག་གི་དཀྱིལ་ལས་གསུང་ཆེན་པོས་ཁྱེད་ཀྱི་འདུན་མ་ཐམས་ཅད་ལ་མཛད་དེ་དེ་བས་ལྷག་པར་མ་གསུངས། ཡང་བཀའ་དེ་རྣམས་རྡོ་ལེབ་གཉིས་ཀྱི་ཁར་བྲིས་པར་མཛད་ནས་ང་ལ་གཏད་བྱུང་།
༢༣ ཡང་ཁྱེད་ཀྱིས་མུན་པ་ལས་བྱུང་བའི་གསུང་ཐོས་ཏེ། རི་ལ་མེ་འབར་བའི་ཚེ་ཁྱེད་ཀྱི་སྡེ་རྣམས་ཀྱི་འགོ་བྱེད་ཐམས་ཅད་དང་ཁྱེད་ཀྱི་རྒན་པོ་རྣམས་ང་དང་ཉེ་བར་འོངས་ཏེ། ༢༤ ཀྱེ་ཧོ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཉིད་ཀྱི་གཟི་བརྗིད་དང་མངའ་ཐང་ངེད་ལ་བསྟན་ཏེ། ཁོང་གི་གསུང་མེའི་དཀྱིལ་ནས་ངེད་ཀྱིས་ཐོས་པས། དཀོན་མཆོག་གིས་མི་ལ་གསུང་མཛད་ཀྱང་མི་གསོན་པར་གནས་པར་ངེད་ཀྱིས་དེ་རིང་གི་ཉི་མ་ལ་མཐོང་ངོ་། ༢༥ ད་གང་གི་དོན་དུ་ངེད་འཆི་བར་དགོས། མེ་ཆེན་པོ་འདིས་ངེད་ཟ་ཡོང་གལ་ཏེ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་གསུང་ད་དུང་ཐོས་ན་ངེད་འཆི་བར་འགྱུར་རོ། ༢༦ དེ་ཅིའི་ཕྱིར་ཞེ་ན། དཀོན་མཆོག་གསོན་པོའི་གསུང་མེའི་དཀྱིལ་ནས་མཛད་པ་ངེད་ཅག་དང་འདྲ་བར་ཐོས་ནས་གསོན་པོར་ལུས་པའི་ལུས་ཅན་སུ་ཡོད། ༢༧ དེས་ན་ཁྱོད་ཉེ་བར་སོང་ལ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཅི་དང་ཅིག་གསུང་བར་འགྱུར་བ་དེ་ལ་ཉོན་ཞིག་དང་། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཁྱོད་ལ་བཀའ་གནང་བ་ཐམས་ཅད་ངེད་རྣམས་ལ་ཤོད་ཅིག དེ་ནས་ངེད་ཀྱིས་ཉན་ཏེ་དེ་བཞིན་དུ་བྱའོ་ཞེས་སྨྲས་བྱུང་།
༢༨ ཡང་ཡ་ཧོ་ཝཱས་ཁྱེད་ཀྱིས་ང་ལ་གཏམ་ཟེར་སྐབས་སུ་ཁྱེད་ཀྱི་གཏམ་གྱི་སྒྲ་གསན་པས་ཡ་ཧོ་ཝཱས་ང་ལ། ངས་མི་སྡེ་འདིས་ཁྱོད་ལ་ཟེར་བའི་གཏམ་གྱི་སྒྲ་ཐོས་པ་དང་། དེ་དག་གིས་ཟེར་བའི་ཚིག་ཐམས་ཅད་ལེགས་པར་སྨྲས་སོ། ༢༩ དེ་དག་རང་བུ་རྣམས་དང་བཅས་པ་ལ་གཏན་དུ་བདེ་བར་འགྱུར་བའི་ཕྱིར་ང་ལ་འཇིགས་ཤིང་རྟག་ཏུ་ངའི་བཀའ་ཁྲིམས་ཐམས་ཅད་སྲུང་བའི་སྙིང་ཞིག་དེ་དག་ལ་འབྱུང་ན་ལེགས་སོ། ༣༠ ཁྱོད་ཀྱིས་དེ་དག་ལ། གུར་རྣམས་སུ་ཕྱིར་ལོག་ཅིག་ཅེས་ཟེར་བའི་དོན་དུ་སོང་ཞིག ༣༡ ཁྱོད་རང་ནི་འདིར་ངའི་དྲུང་དུ་འདུག་དང་། ངས་ཁྱོད་ལ་བཀའ་དང་སྤྱད་མཚམས་དང་ཁྲིམས་ཐམས་ཅད་སྟོན་པར་བྱ། དེ་ནས་ངས་དེ་རྣམས་ཀྱིས་བདག་ཏུ་འཛིན་པའི་ཕྱིར་བཏང་བའི་ཡུལ་ན་དེ་དག་གིས་དེ་བཞིན་དུ་བྱེད་པའི་ཕྱིར་ཁྱོད་ཀྱིས་དེ་དག་ལ་བཀའ་ཁྲིམས་དེ་རྣམས་སློབ་པར་དགོས་སོ་ཞེས་བཀའ་སྩལ་ཏོ། ༣༢ དེ་བས་ན་གཡས་སམ་གཡོན་དུ་སྙིང་ན་མ་ཟློག་པར་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་བཀའ་གནང་བ་བཞིན་དུ་བྱེད་དུ་ཟོན་གྱིས་ཤིག ༣༣ ཁྱེད་འཚོ་ཞིང་ཁྱེད་ཀྱིས་བདག་ཏུ་འཛིན་པར་བྱ་བའི་ཡུལ་ན་ཡུན་རིང་བདེ་བར་གནས་པའི་ཕྱིར་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་བཀའ་གནང་བའི་ལམ་ཀུན་ལ་འགྲུལ་བར་བྱོས་ཤིག།