ད་ཁྱེད་བདག་ཏུ་འཛིན་པའི་ཕྱིར་ཕ་རོལ་ཏུ་འགྲོ་བའི་ཡུལ་ན་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བཀའ་དང་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་བཞིན་དུ་བྱེད་པའི་ཕྱིར་ཁོང་གིས་འདི་རྣམས་དེ་དག་ལ་སློབ་པར་དགོས་ཤེས་བཀའ་གནང་ངོ་།  དེ་ཅིའི་ཕྱིར་ཞེ་ན། ཁྱོད་རང་དང་ཁྱོད་ཀྱི་བུ་དང་བུ་བརྒྱུད་ནམ་འཚོའི་བར་དུ་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་སྤྱད་མཚམས་དང་བཀའ་ཁྲིམས་ངས་ཁྱོད་ལ་སྐུལ་བ་ཐམས་ཅད་སྲུང་ཞིང་ཁོང་ལ་འཇིགས་པས་ཚེ་རིང་པོར་འཚོ་བའི་ཕྱིར་རོ།  དེ་བས་ན་ཀྱེ་ཨིས་ར་ཨེལ་ཉོན་ལ་དེ་བཞིན་དུ་བྱེད་དུ་ཟོན་གྱིས་ཤིག དེ་ནས་ཡ་ཧོ་ཝཱ་ཁྱེད་ཀྱི་ཕ་མེས་ཀྱི་དཀོན་མཆོག་གིས་ཞལ་གྱིས་བཞེས་པ་བཞིན་དུ་ཁྱོད་བདེ་བར་འགྱུར་ཞིང་འོ་མ་དང་སྦྲང་རྩིས་གང་བའི་ཡུལ་ན་ཤིན་ཏུ་འཕེལ་བར་འགྱུར་རོ༎
 ཀྱེ་ཨིས་ར་ཨེལ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་ནི་ཡ་ཧོ་ཝཱ་གཅིག་པོ་ལགས་སོ།  ཡང་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་སྙིང་ཚང་མ་དང་། སེམས་ཚང་མ་དང་། སྟོབས་ཚང་མ་ནས་གཅེས་པར་ཟུང་ཞིག  ཅེས་པའི་བཀའ་ངས་དེ་རིང་གི་ཉིན་པར་ཁྱོད་ལ་སྐུལ་བ་རྣམས་སྙིང་དུ་ཟུང་ལ།  ཁྱོད་ཀྱི་ཕྲུ་གུ་རྣམས་ལ་བརྩོན་འགྲུས་ཀྱིས་དེ་དག་སློབ་ཅིག ཡང་ཁྱོད་ཁང་པ་རུ་སྡོད་པ་དང་། བྱེས་སུ་འགྲོ་བ་དང་། ཉལ་བ་དང་། ལང་བའི་ཚེ་དེ་དག་གི་སྐོར་གཏམ་བྱོས།  དེ་དག་རྟགས་ཀྱི་ཕྱིར་ལག་པ་ལ་ཐོག་ཅིག་མིག་གཉིས་ཀྱི་བར་ལ་སྲུང་བ་ལྟར་འགྱུར་བར་འགྱུར།  ཁྱོད་ཀྱི་ཁང་པའི་སྒོ་དང་རྟ་སྒོའི་ཡ་ཐེམ་རྣམས་ཀྱི་ཁར་འབྲི་བར་དགོས་སོ༎
༡༠ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཕ་མེས་ཨབ་ར་ཧམ་དང་། ཨི་སཱག་དང་ཡ་ཀོབ་ལ་དབུ་མནའ་བཞེས་ཤིང་། ངས་ཡུལ་དེ་ཁྱོད་ལ་གཏང་ངོ་ཞེས་གསུངས་པ་བཞིན་དུ་ཁྱོད་ཡུལ་དེར་འཁྲིད་པར་འགྱུར་བའི་ཚེ། ཡུལ་དེ་ན་ཁྱོད་ཀྱིས་མ་རྩིགས་པའི་གྲོང་ཁྱེར་ཆེ་ཞིང་བཟང་བ་རྣམས་དང་། ༡༡ ཁྱོད་ཀྱིས་མ་བསགས་པའི་ནོར་རྫས་སྣ་ཚོགས་ཀྱིས་གང་བའི་ཁང་པ་རྣམས་དང་། ཁྱོད་ཀྱིས་མ་བྲུས་པའི་ཁྲོན་པ་དང་། ཁྱོད་ཀྱིས་མ་བཙུགས་པའི་རྒུན་ཚལ་དང་། ཁ་སྐྱུར་པོའི་རྩི་ཤིང་རྣམས་ཡོད་པས། ཁྱོད་ཁ་ཟས་ཟོས་ནས་འགྲངས་པའི་དུས་སུ། ༡༢ ཁྱོད་མི་སེར་ཡུལ་བྲན་འཁོལ་གྱི་ཁང་པ་ལས་བཏོན་པར་མཛད་པའི་ཡ་ཧོ་ཝཱ་རྗེད་པ་ལས་སྲུངས་ཤིག ༡༣ ཁྱོད་ཀྱིས་ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ལ་འཇིགས་ཤིང་གཡོག་བྱེད་པ་དང་། ཁོང་དཔང་དུ་བཙུགས་ནས་མནའ་བྱེད་པར་དགོས་སོ། ༡༤ ཁྱེད་ཀྱི་མཐའ་འཁོར་ལ་ཡོད་པའི་ཕྱིའི་མི་བརྒྱུད་རྣམས་ཀྱི་ལྷ་གཞན་མ་རྣམས་ཀྱི་རྗེས་སུ་མ་འབྲང་ཞིག ༡༥ གང་ལ་ཞེ་ན། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་ནི་ཁྱོད་ཀྱི་དབུས་སུ་བཞུགས་པ་ནི་ཐུགས་འཁྲེན་ཅན་ལགས་པས། ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གི་ཐུགས་ཁྲོ་ཁྱོད་ཀྱི་ཕྱིར་མི་འབར་ཞིང་ཁོང་གིས་ཁྱོད་སའི་ངོས་ནས་འཇིག་པར་མི་མཛད་པའི་ཕྱིར་རོ༎
༡༦ ཁྱེད་ཀྱིས་མ་སཱ་བྱ་བའི་གནས་སུ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་ཐུགས་སད་པ་དང་འདྲ་བར་ཁོང་གི་ཐུགས་མ་སད། ༡༧ ཡ་ཧོ་ཝཱ་ཁྱོད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གནང་བའི་བཀའ་དང་དཔང་མཛད་དང་སྤྱད་མཚམས་རྣམས་ཞིབ་པར་སྲུང་དང་། ༡༨ ཡ་ཧོ་ཝཱའི་ཞལ་ངོར་ཅི་རིགས་པ་དང་བཟང་བ་གང་ཡིན་པ་དེ་བྱོས་ཤིག དེ་ལྟར་བྱེད་ན་ཁྱོད་བདེ་བར་འགྱུར། ཡང་ཡ་ཧོ་ཝཱས་ཁྱོད་ཀྱི་མེས་པོ་རྣམས་ལ་དབུ་མནའ་བཞེས་པའི་ཡུལ་བཟང་པོ་དེའི་ནང་ཞུགས་ནས་བདག་པར་བྱེད་ཐུབ་ཅིང་། ༡༩ ཡ་ཧོ་ཝཱས་གསུངས་པ་བཞིན་དུ་ཁྱོད་ཀྱི་དགྲ་རྣམས་ཁྱོད་ཀྱི་མདུན་ནས་སྐྲོད་པར་བྱའོ༎
༢༠ ཡང་གལ་ཏེ་དུས་ཕྱིས་ནས་ཁྱོད་ཀྱི་བུས། ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གནང་བའི་དཔང་མཛད་དང་སྤྱད་མཚམས་དང་བཀའ་ཁྲིམས་རྣམས་ཀྱི་དོན་ཅི་ཡིན་ཞེས་ཁྱོད་ལ་འདྲི་ན། ༢༡ ཁྱོད་ཀྱིས་བུ་ལ། ངེད་མི་སེར་ཡུལ་ན་ཕར་ཨོའི་བྲན་འཁོལ་བྱས་ནས། ཡ་ཧོ་ཝཱའི་ཕྱག་མཐུ་ལྡན་གྱིས་ངེད་མི་སེར་ཡུལ་གྱི་ཕྱི་རོལ་ཏུ་བཏོན་ཏེ། ༢༢ ཡ་ཧོ་ཝཱས་ངེད་ཀྱི་མཐོང་ངོར་མི་སེར་ཡུལ་དང་ཕར་ཨོ་དང་དེའི་ཁྱིམ་ཐམས་ཅད་ལ་ལྟས་དང་ངོ་མཚར་ཆེ་བའི་ཕྲིན་ལས་ཆེན་པོ་དང་འཇིགས་སུ་རུང་བ་རྣམས་བསྟན་ཏོ། ༢༣ ཡང་མེས་པོ་རྣམས་ལ་དབུ་མནའ་བཞེས་པ་བཞིན་དུ་ངེད་ལ་ཡུལ་འདི་གནང་བའི་ཕྱིར་ཡུལ་དེའི་ཕྱི་རོལ་ཏུ་ཁྲིད་ནས་འདི་རུ་འོང་བར་བཅུག་གོ། ༢༤ དེ་རིང་གི་ཉིན་མོ་ལྟར་ངེད་གསོན་པོར་ལུས་པའི་ཕྱིར། ངེད་རང་གི་ཕན་པའི་དོན་དུ་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་ལ་འཇིགས་པའི་ཕྱིར་དུ་ཡ་ཧོ་ཝཱས་ངེད་རྣམས་ལ་སྤྱད་མཚམས་དེ་ཐམས་ཅད་སྲུངས་ཤིག་ཅེས་བཀའ་སྩལ་ཏོ། ༢༥ ཡང་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གིས་བཀའ་སྩལ་པ་བཞིན་དུ་ངེད་ཀྱིས་ཁོང་གི་བཀའ་ཁྲིམས་དེ་ཐམས་ཅད་སྲུང་བ་ནི་ངེད་ཀྱི་དྲང་བ་ཉིད་དུ་འགྱུར་རོ་ཞེས་སྨྲོས་ཤིག།