༢༣
དུས་རིང་ཞིག་གི་འོག་ཏུ་ཡ་ཧོ་ཝཱས་མཐའ་འཁོར་ཐམས་ཅད་དུ་ཡོད་པའི་ཕ་རོལ་པ་གང་གིས་ཀྱང་ཨིས་ར་ཨེལ་ལ་གཡུལ་འགྱེད་པ་ལས་ཞི་བར་མཛད་པ་དང་། ཡོ་ཤུ་ཨ་རྒས་ཤིང་ལོ་ཆེན་པོར་ཕྱིན་པའི་ཚེ། ༢ ཡོ་ཤུ་ཨས་ཨིས་ར་ཨེལ་ཐམས་ཅད་དང་དེ་དག་གི་རྒན་པོ་རྣམས་དང་འགོ་བྱེད་རྣམས་དང་ཁྲིམས་དཔོན་རྣམས་དང་འགོ་པ་རྣམས་བོས་ཏེ་དེ་དག་ལ་འདི་སྐད་དུ། ང་ནི་རྒས་ཤིང་ལོ་ཆེན་པོར་ཕྱིན་ནོ། ༣ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་ཕྱོགས་མཛད་ཅིང་འཐབ་མོ་མཛད་པས། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་མདུན་དུ་མི་བརྒྱུད་འདི་ཐམས་ཅད་ལ་ཅི་དང་ཅི་མཛད་པ་ཁྱེད་ཀྱིས་མཐོང་ངོ་། ༤ ཀྱེ་ཧོ་ངས་རྟགས་རིལ་འདེབས་ཤིང་ལྷག་ལུས་ཀྱི་མི་བརྒྱུད་འདི་དག་ནི་ཁྱེད་ཀྱི་སྡེ་རྣམས་ཀྱི་ནོར་སྐལ་དུ་བགོས་སོ། མི་བརྒྱུད་གང་ཞེ་ན། ཡོར་དན་ཆུ་བོ་ནས་བཟུང་སྟེ་ངས་མེད་པར་བྱས་པའི་མི་བརྒྱུད་ཐམས་ཅད་དང་ནུབ་ཕྱོགས་སུ་རྒྱ་མཚོ་ཆེན་པོའི་བར་དུའོ། ༥ ཡང་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་དེ་དག་ཁྱེད་ཀྱི་སྔོན་དུ་སྐྲོད་ཅིང་ཕྱི་རོལ་ཏུ་འདོན་པ་དང་། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གསུངས་པ་བཞིན་དུ་ཡུལ་དེ་ཁྱེད་ཀྱིས་འཇོམས་པར་འགྱུར་རོ། ༦ དེས་ན་མོ་ཤེའི་བཀའ་ཁྲིམས་ཀྱི་མདོ་ན་ཅི་དང་ཅི་བྲིས་པ་སྲུང་ཞིང་དེ་བཞིན་དུ་བྱེད་དེ་གཡས་སམ་གཡོན་དུ་མི་ཟློག་པ་ལ་སྙིང་རུས་སྐྱེད་ལ། ༧ ཁྱེད་ཀྱི་ཁྲོད་ན་ལུས་པའི་མི་བརྒྱུད་རྣམས་དང་འདྲེ་ཞིང་དེ་དག་གི་ལྷ་རྣམས་ཀྱི་མིང་ཡང་མ་ཁུར། ལྷ་དེ་རྣམས་ཀྱི་མནའང་མ་སྐྱེལ། རིམ་གྲོའང་མ་བྱེད། ཕྱག་ཀྱང་མ་འཚལ། ༨ ཁྱེད་ཀྱིས་དེ་རིང་གི་བར་དུ་སྤྱད་པ་དང་འདྲ་བར་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་འཁྲིལ་ནས་སྡོད་ཅིག ༩ ཡ་ཧོ་ཝཱས་ཁྱེད་ཀྱི་མདུན་ནས་མི་བརྒྱུད་ཆེ་ཞིང་སྟོབས་ཅན་དག་བསྐྲད་པས། དེ་རིང་གི་བར་དུ་མི་སུའང་ཁྱེད་ཀྱི་མདུན་དུ་འགྲེང་བར་མ་ནུས་སོ། ༡༠ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གསུངས་པ་བཞིན་དུ་ཁོང་ཉིད་ཀྱིས་ཁྱེད་ཀྱི་ཚབ་ཏུ་འཐབ་པས། ཁྱེད་ཀྱི་ནང་ནས་མི་གཅིག་གིས་མི་སྟོང་ཙམ་འདེད་པར་འགྱུར་རོ། ༡༡ དེས་ན་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གཅེས་པར་འཛིན་པའི་ཕྱིར་ཁྱེད་ཀྱིས་ཤིན་ཏུ་གཅང་གྱིས་ཤིག ༡༢ ཇི་སྟེ་ཁྱེད་ལོག་ཅིང་ཁྱེད་ཀྱི་དབུས་སུ་ལུས་པའི་མི་བརྒྱུད་འདི་དག་དང་འདྲེས་ཏེ། ཁྱེད་ཀྱིས་དེ་དག་དང་གཉེན་འབྲེལ་བྱེད་ཅིང་ཁྱེད་ཅག་དེ་དག་གི་ཁྲོད་དང་། དེ་དག་ཁྱེད་ཅག་གི་ཁྲོད་དུ་འོང་ན། ༡༣ ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་མི་བརྒྱུད་འདི་ཁྱེད་ཀྱི་མདུན་དུ་སྐྲོད་པར་མཛད་འཕྲོ་གཅོད་པས། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གནང་བའི་ཡུལ་བཟང་པོ་འདི་ལས་ཁྱེད་མེད་པར་མི་འགྱུར་བའི་བར་དུ་མི་བརྒྱུད་འདི་ཁྱེད་ཀྱི་ཕྱིར་རྙི་དང་ཞགས་པ་དང་། ཁྱེད་ཀྱི་གཞོགས་ལ་རྡུང་བའི་རྟ་ལྕགས་དང་མིག་ལ་འཛུགས་པའི་ཚེར་མ་རུ་འགྱུར་བ་ཤེས་པར་གྱིས་ཤིག༡༤ ཀྱེ་ཧོ་ང་ནི་དེ་རིང་འཇིག་རྟེན་ཐམས་ཅད་ཀྱི་ལམ་དེའི་ནང་འགྲོ་བས། ཁྱེད་ཀྱི་སྙིང་ཚང་མ་དང་སེམས་ཚང་མས་འདི་རྟོགས་པར་དགོས། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་ཕྱིར་མཛད་པའི་གསུང་བཟང་པོ་གང་ལས་ཀྱང་གསུང་གཅིག་ཀྱང་དོན་མེད་པར་མ་གྱུར་གྱི། ཁྱེད་ཀྱི་ཕྱིར་ཐམས་ཅད་བསྒྲུབས་ཤིང་གསུང་གཅིག་ཀྱང་མ་ལུས་པ་དོན་མེད་པར་མ་གྱུར་ཏོ། ༡༥ དེ་བས་ན་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་མཛད་པའི་གསུང་བཟང་པོ་གང་ཡང་ཁྱེད་ཀྱི་ཕྱིར་བསྒྲུབས་པ་ལྟར། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་གནང་བའི་ཡུལ་བཟང་པོ་འདི་ལས་ཁྱེད་མེད་པར་མ་མཛད་པའི་བར་དུ་ཡ་ཧོ་ཝཱས་བཀའ་ཆད་ཀྱི་གསུང་ཚང་མ་ཁྱེད་ཀྱི་ཐོག་ཏུ་འདྲེན་པར་འགྱུར་རོ། ༡༦ ཡང་གལ་ཏེ་ཁྱེད་ཀྱིས་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ལ་བཀའ་གནང་བའི་ཞལ་ཆད་ལས་འགལ་ཞིང་གཞན་ལྷ་རྣམས་ལ་རིམ་གྲོ་བྱེད་དེ་ཕྱག་འཚལ་དུ་འགྲོ་ན། ཡ་ཧོ་ཝཱའི་ཐུགས་ཁྲོ་བ་ཁྱེད་ཀྱི་ཕྱོགས་སུ་འབར་ནས་ཁོང་གིས་ཁྱེད་ལ་གནང་བའི་ཡུལ་བཟང་པོ་འདི་ལས་ཁྱེད་ཕྲལ་དུ་མེད་པར་འགྱུར་ཞེས་བསྒོའོ༎