༢༢
དེའི་ཚེ་ཡོ་ཤུ་ཨས་རུ་བེན་པ་དང་གད་པ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་བོས་ཏེ།  དེ་དག་ལ་ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་ཅི་དང་ཅི་ཁྱེད་ཅག་ལ་བཀའ་སྩལ་པ་ཁྱེད་ཀྱིས་བསྲུངས་པ་དང་། ངས་ཁྱེད་ཅག་ལ་ཅི་དང་ཅི་སྨྲས་པ་ལ་ཁྱེད་ཀྱིས་ཉན་ཞིང་།  འདི་ཙམ་ཡུན་རིང་ཞིག་དེ་རིང་གི་བར་དུ་ཁྱེད་ཀྱི་སྤུན་རྣམས་མ་བོར་ཏེ་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གི་བཀའ་སྲུང་དགོས་པ་དེ་བསྲུངས་སོ།  ད་ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་གིས་ཁྱེད་ཀྱི་སྤུན་ལ་ཞལ་གྱིས་བཞེས་པ་བཞིན་དུ་དེ་དག་ལ་སེམས་དལ་གནང་བས་ད་སོང་ལ། ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་ཁྱེད་ལ་ཡོར་དན་ཆུའི་ཕ་རོལ་ཏུ་བདག་ཏུ་འཛིན་པའི་ཕྱིར་བཏང་བའི་ཡུལ་དང་ཁྱེད་ཀྱི་གུར་རྣམས་སུ་ཕྱིར་ལོག་ཅིག  འོན་ཀྱང་ཡ་ཧོ་ཝཱའི་བྲན་པོ་མོ་ཤེས་ཁྱེད་ལ་བསྒོ་བའི་བཀའ་དང་བཀའ་ཁྲིམས་ཤེ་ན། ཡ་ཧོ་ཝཱ་ཁྱེད་ཀྱི་དཀོན་མཆོག་ལ་གཅེས་པར་འཛིན་ཞིང་། ཁོང་གི་ལམ་ཐམས་ཅད་ནང་འགྲུལ་ཞིང་། ཁོང་གི་སྤྱད་མཚམས་རྣམས་སྲུང་སྟེ་ཁོང་ལ་ཆགས་ཤིང་ཁྱེད་ཀྱི་སྙིང་ཚང་མ་དང་སེམས་ཚང་མ་ནས་ཁོང་ལ་གཡོག་བྱེད་དུ་ཟོན་གྱིས་ཤིག་ཅེས་སྨྲས་པ་དང་།
 ཡོ་ཤུ་ཨས་དེ་དག་ལ་བྱིན་རླབས་བྱས་ནས་འགྲོར་བཅུག་པས་དེ་དག་རང་གི་གུར་རྣམས་སུ་སོང་ངོ་༎
 མ་ན་ཤེའི་སྡེ་ཕྱེད་ལ་མོ་ཤེས་བཱ་ཤན་ཡུལ་ན་ས་སྐལ་བཏང་བ་དང་། སྡེ་ཕྱེད་ལ་ཡོ་ཤུ་ཨས་རང་གི་སྤུན་རྣམས་ཀྱི་ཁྲོད་དུ་ཡོར་དན་ཆུའི་ཚུ་རོལ་ཏུ་རྒྱ་མཚོའི་ཕྱོགས་སུ་བཏང་ངོ་། ཡང་ཡོ་ཤུ་ཨས་དེ་དག་རང་གི་གུར་རྣམས་སུ་བཏང་བའི་ཚེ་བྱིན་རླབས་བྱེད་ཅིང་དེ་དག་ལ།  ནོར་ཆེན་པོ་དང་ལུག་ཕྱུགས་ཤིན་ཏུ་མང་པོ་དང་། དངུལ་དང་གསེར་དང་ཟངས་དང་ལྕགས་དང་། གོས་མང་པོ་དང་བཅས་ཁྱེད་ཕྱིར་ལོག་པས་ཁྱེད་ཀྱི་ཕ་རོལ་པ་རྣམས་ལས་བརྙེད་པའི་བཅོམ་ནོར་སྤུན་རྣམས་ཀྱི་ཁྲོད་དུ་བགོད་པར་གྱིས་ཤིག་ཅེས་སྨྲས་སོ༎
 དེ་ལྟར་ཨིས་ར་ཨེལ་གྱི་བུ་རྣམས་ལས་རུ་བེན་དང་གད་ཀྱི་བུ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་ནི་ཀ་ན་ཨན་ཡུལ་ན་ཡོད་པའི་ཤི་ལོ་ནས་སོང་བ་དང་། ཡ་ཧོ་ཝཱས་མོ་ཤེའི་ངག་གི་སྒོ་ནས་བཀའ་གནང་བ་བཞིན་དུ་དེ་དག་རང་གིས་བདག་ཏུ་བཟུང་བའི་ས་སྐལ་གྱི་ཡུལ་ཞེ་ན། གིལ་ཨད་ཡུལ་དུ་འགྲོ་བ་ལས།
༡༠ ཀ་ན་ཨན་ཡུལ་ན་ཡོད་པའི་ཡོར་དན་གྱི་མཐའ་འཁོར་དུ་བསླེབས་པ་དང་། རུ་བེན་དང་གད་ཀྱི་བུ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་ཀྱིས་ཡོར་དན་ཆུ་བོའི་འགྲམ་དུ་མཆོད་ཁྲི་ཞིག་བརྩིགས་ནས། མཆོད་ཁྲི་དེ་ནི་ལྟ་ན་ཆེ་བའོ། ༡༡ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས། ཀྱེ་ཧོ་རུ་བེན་དང་གད་ཀྱི་བུ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་ཀྱིས་ཀ་ན་ཨན་ཡུལ་གྱི་ཐད་དུ་ཡོར་དན་ཆུའི་མཐའ་འཁོར་ལ་ཨིས་ར་ཨེལ་གྱི་བུ་རྣམས་ལས་ཟུར་དུ་མཆོད་ཁྲི་ཞིག་བརྩིགས་སོ་ཞེས་པའི་གཏམ་ཐོས་ནས། ༡༢ ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་གཏམ་དེ་ཐོས་ཤིང་། ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་ཚོགས་ཐམས་ཅད་ཡར་དེ་དག་ལ་དམག་འདྲེན་དུ་འགྲོ་བའི་ཕྱིར་ཤི་ལོ་རུ་འདུས་སོ༎
༡༣ ཡང་ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་རུ་བེན་དང་གད་ཀྱི་བུ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་ཀྱི་མདུན་དུ་གིལ་ཨད་ཡུལ་དུ་བླ་མ་ཨེལ་ཨ་ཟར་གྱི་བུ་ཕི་ནེ་ཧས་དང་། ༡༤ ཨིས་ར་ཨེལ་གྱི་སྡེ་ཐམས་ཅད་ལས་སྡེ་དཔོན་བཅུ་ཞེ་ན། འགོ་བྱེད་ཀྱི་ཁྱིམ་རེ་ལས་སྡེ་དཔོན་རེ་བཏང་ཞིང་དེ་དག་རེ་རེ་ནི་ཨིས་ར་ཨེལ་གྱི་སྟོང་ཚོ་ལས་སྡེ་ཁྱིམ་གྱི་གཙོ་བྱེད་རེ་རེ་ཡོད་དོ། ༡༥ ཡང་དེ་དག་རུ་བེན་དང་གད་ཀྱི་བུ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་ཀྱི་མདུན་དུ་གིལ་ཨད་ཡུལ་དུ་འོངས་ནས་དེ་དག་ལ་འདི་སྐད་ཅེས་སྨྲས་པ། ༡༦ ཡ་ཧོ་ཝཱའི་ཚོགས་ཐམས་ཅད་ཀྱིས་འདི་སྐད་དུ། ཁྱེད་ཀྱིས་ཨིས་ར་ཨེལ་གྱི་དཀོན་མཆོག་གི་བཀའ་དང་འགལ་ཏེ་དེ་རིང་ཡ་ཧོ་ཝཱ་ལ་རྒྱབ་སྟོན་ཞིང་། ཡ་ཧོ་ཝཱ་ལ་ངོ་ལོག་བྱེད་དུ་མཆོད་ཁྲི་ཞིག་བརྩིགས་པའི་ཉེས་པ་དེ་ཅི་ཡིན། ༡༧ ཕེ་ཨོར་གྱི་ཉེས་པ་ལས་ངེད་དེ་རིང་གི་བར་དུ་ད་དུང་འབྱོང་བ་མ་ཡིན་པ་དེ་ཉུང་ངམ། ཡང་དེའི་རྐྱེན་གྱིས་ཡ་ཧོ་ཝཱའི་ཚོགས་ལ་སྡུག་བསྔལ་ཕོག་གོ། ༡༨ འོན་ཀྱང་ཁྱེད་ཀྱིས་དེ་རིང་ཡ་ཧོ་ཝཱ་ལ་རྒྱབ་སྟོན། ཡང་ཁྱེད་ཀྱིས་དེ་རིང་ཡ་ཧོ་ཝཱ་ལ་ངོ་ལོག་བྱེད་ན། སང་ཉིན་ཁོང་གི་ཐུགས་ཁྲོ་བ་ཨིས་ར་ཨེལ་གྱི་ཚོགས་ཐམས་ཅད་ལ་འབབ་པར་འགྱུར་རོ། ༡༩ འོ་ན་གལ་ཏེ་ཁྱེད་ཅག་གིས་བདག་ཏུ་འཛིན་པའི་ཡུལ་མི་གཙང་བ་ཡོད་ན། ཡ་ཧོ་ཝཱས་བདག་ཏུ་བཞེས་པའི་ཡུལ། ཡ་ཧོ་ཝཱའི་བཞུགས་ས་གང་ན་བར་ཕ་རོལ་ཏུ་འོང་ལ་ངེད་ཀྱི་དབུས་སུ་གཞིས་ཟུང་ཞིག འོན་ཀྱང་ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་མཆོད་ཁྲི་མ་གཏོགས་པར་གཞན་མཆོད་ཁྲི་ཞིག་རྩིག་ཅིང་ཡ་ཧོ་ཝཱ་ལ་ཡང་ངོ་ལོག་བྱེད་པ་དང་ངེད་ལའང་ངོ་ལོག་བྱེད་པ་ལས་སྲུངས་ཤིག ༢༠ སེ་རག་གི་བུ་ཨ་ཁན་གྱིས་དམོད་པར་བྱས་པའི་ནོར་ལ་རྟེན་ཏེ་ཉེས་པ་མ་བྱས་སམ། ཡང་མི་དེས་བྱས་པའི་ཉེས་པའི་རྐྱེན་གྱིས་ཁོ་གཅིག་འབའ་ཞིག་སྟོངས་པ་མ་ཟད་དེ་ཨིས་ར་ཨེལ་གྱི་ཚོགས་ཐམས་ཅད་ལ་ཡང་ཐུགས་ཁྲོ་བ་བབས་སོ་ཞེས་སྨྲས་པའི་ལན་དུ།
༢༡ རུ་བེན་དང་གད་གཉིས་ཀྱི་བུ་རྣམས་དང་མ་ན་ཤེའི་སྡེ་ཕྱེད་ཀྱིས་ཨིས་ར་ཨེལ་གྱི་སྟོང་ཚོའི་འགོ་བྱེད་རྣམས་ལ། ༢༢ དཀོན་མཆོག་ཡ་ཧོ་ཝཱ་དཀོན་མཆོག དཀོན་མཆོག་ཡ་ཧོ་ཝཱ་དཀོན་མཆོག་གིས་མཁྱེན་ཞིང་ཨིས་ར་ཨེལ་གྱིས་ཀྱང་ཤེས་པར་ཤོག་ཅིག ༢༣ གལ་ཏེ་ངོ་ལོག་བྱེད་པའམ་ཡ་ཧོ་ཝཱའི་བཀའ་ལས་འགལ་བའི་རྒྱུའམ། ཡ་ཧོ་ཝཱ་ལ་རྒྱབ་སྟོན་པའི་ཕྱིར་དུ་མཆོད་ཁྲི་བརྩིགས་པ་ཡིན་ན། ཉིན་འདི་ཉིད་དུ་ཁྱེད་ཀྱི་སྐྱབས་ངེད་དང་འབྲལ་བར་ཤོག་ཅིག གལ་ཏེ་དེའི་ཁར་སྦྱིན་སྲེག་དང་ཞལ་ཟས་དང་ཞི་བདེའི་མཆོད་པ་དག་འབུལ་དུ་བརྩིགས་པ་ཡིན་ན། ཡ་ཧོ་ཝཱས་ངེད་ལས་ལན་བཞེས་པར་ཤོག་ཅིག ༢༤ ངེད་ཀྱིས་འདི་སྙམ་དུ་སང་ཉིན་ཁྱེད་ཀྱི་བུ་རྣམས་ཀྱིས་ངེད་ཀྱི་བུ་རྣམས་ལ་འདི་སྐད་དུ། ཁྱེད་དང་ཡ་ཧོ་ཝཱ་ཨིས་ར་ཨེལ་གྱི་དཀོན་མཆོག་གི་དོན་ཅི་ཡིན། ༢༥ ཡ་ཧོ་ཝཱས་ངེད་དང་ཁྱེད་རུ་བེན་དང་གད་གཉིས་ཀྱི་བུ་རྣམས་ཀྱི་བར་ལ་ཡོར་དན་ཆུ་ས་མཚམས་སུ་བཙུགས་པས། ཡ་ཧོ་ཝཱ་ལས་ཁྱེད་ཅག་ལ་སྐལ་བ་མེད་དོ་ཞེས་སྨྲ་བར་འགྱུར་བས། ངེད་ཀྱི་བུ་རྣམས་ཀྱིས་ཡ་ཧོ་ཝཱ་ལ་བསྙེན་བཀུར་བྱེད་པ་ལས་ཁྱེད་ཀྱི་བུ་རྣམས་ཀྱིས་བཀག་གིས་དོགས་པས་ངེད་ཀྱིས་ཤེས་བཞིན་དུ་དེ་ལྟར་མ་བྱས་སམ། ༢༦ དེ་བས་ན་ངེད་ཀྱིས་འདི་སྐད་ཅེས་སྨྲས་པ། འདི་ལྟར་བྱེད་པར་བྱ། སྦྱིན་སྲེག་དང་དམར་མཆོད་འབུལ་དུ་མཆོད་ཁྲི་ཞིག་མི་རྩིག་གི། ༢༧ ངེད་དང་ཁྱེད་ཀྱི་བར་དུ། ཡང་དེའི་འོག་ཏུ་ངེད་ཀྱི་བུ་བརྒྱུད་དང་ཁྱེད་ཀྱི་བུ་བརྒྱུད་ཀྱི་བར་ལ་དཔང་བྱེད་དུ་རྩིག་པར་བྱ། དེ་བཞིན་དུ་བྱེད་ན་ངེད་ཀྱིས་སྦྱིན་སྲེག་དང་དམར་མཆོད་དང་ཞི་བདེའི་མཆོད་པ་རྣམས་འབུལ་ཞིང་ཡ་ཧོ་ཝཱའི་ཞལ་ངོར་ཁོང་ལ་ཞབས་ཏོག་བྱེད་ཅིང་སང་ཉིན་ཁྱེད་ཀྱི་བུ་རྣམས་ཀྱིས་ངེད་ཀྱི་བུ་རྣམས་ལ་ཡ་ཧོ་ཝཱ་ལས་ཁྱེད་ལ་སྐལ་བ་མེད་དོ་ཅེས་སྨྲ་རྒྱུ་མེད་དོ། ༢༨ ཡང་ངེད་ཀྱིས་འདི་སྐད་དུ། གལ་ཏེ་དེ་དག་གིས་ངེད་དང་ངེད་ཀྱི་བུ་བརྒྱུད་ལ་དེ་ལྟ་བུའི་གཏམ་བྱེད་ན་ངེད་ཀྱིས་དེ་དག་ལ་འདི་ལྟར་ཟེར་བར་བྱ། ཡ་ཧོ་ཝཱའི་མཆོད་ཁྲིའི་འདྲ་དཔེ་ངེད་ཀྱི་མེས་པོ་རྣམས་ཀྱིས་བརྩིགས་པ་ལ་ལྟོས་དང་། སྦྱིན་སྲེག་དང་དམར་མཆོད་རྣམས་འབུལ་བའི་ཕྱིར་མ་ཡིན་གྱི་ངེད་དང་ཁྱེད་ཀྱི་བར་ལ་དཔང་བྱེད་པའི་དོན་ནོ་ཞེས་སྨྲ་འོང་། ༢༩ ཡ་ཧོ་ཝཱ་ངེད་ཀྱི་དཀོན་མཆོག་གི་བཞུགས་ས་ཡི་མདུན་དུ་ཡོད་པའི་མཆོད་ཁྲི་མ་གཏོགས་པར་སྦྱིན་སྲེག་དང་ཞལ་ཟས་དང་དམར་མཆོད་འབུལ་དུ་མཆོད་ཁྲི་ཞིག་རྩིག་ཅིང་ཡ་ཧོ་ཝཱ་ལ་ངོ་ལོག་བྱེད་ཅིང་དེ་རིང་ཡ་ཧོ་ཝཱ་ལ་ངེད་ཀྱི་རྒྱབ་སྟོན་པར་མ་སྲིད་ཅིག་ཅེས་སྨྲས་སོ༎
༣༠ ཡང་བླ་མ་ཕི་ནེ་ཧས་རང་དང་ལྷན་ཅིག་ཏུ་ཡོད་པའི་ཚོགས་ཀྱི་འགོ་བྱེད་དང་ཨིས་ར་ཨེལ་གྱི་སྟོང་དཔོན་དག་གིས་རུ་བེན་དང་གད་དང་མ་ན་ཤེ་གསུམ་གྱི་བུ་རྣམས་ཀྱིས་བྱས་པའི་ཚིག་རྣམས་ཐོས་པས་དགའ་བར་གྱུར་ཏོ། ༣༡ ཡང་བླ་མ་ཨེལ་ཨ་ཟར་གྱི་བུ་ཕི་ནེ་ཧས་ཀྱིས་རུ་བེན་དང་གད་དང་མ་ན་ཤེ་གསུམ་གྱི་བུ་རྣམས་ལ། ཁྱེད་ཀྱིས་ཡ་ཧོ་ཝཱ་ལ་ཉེས་པ་དེ་མ་བྱས་པས་ཡ་ཧོ་ཝཱ་ངེད་ཀྱི་དབུས་སུ་བཞུགས་པ་ངེད་ཀྱིས་ཉིན་འདི་ཉིད་དུ་རྟོགས་སོ། ད་ཁྱེད་ཀྱིས་ཨིས་ར་ཨེལ་གྱི་བུ་རྣམས་ཡ་ཧོ་ཝཱའི་ཕྱག་ལས་བསྒྲལ་ལོ་ཞེས་སྨྲས་སོ༎
༣༢ དེ་ནས་བླ་མ་ཨེལ་ཨ་ཟར་གྱི་བུ་ཕི་ནེ་ཧས་དང་འགོ་བྱེད་རྣམས་གིལ་ཨད་ཡུལ་ནས་རུ་བེན་དང་གད་གཉིས་ཀྱི་བུ་དག་ལས་ཀ་ན་ཨན་ཡུལ་དུ་ཨིས་ར་ཨེལ་གྱི་བུ་རྣམས་ཀྱི་དྲུང་དུ་ཕྱིར་ལོག་ཅིང་དེ་དག་ལ་ལན་བསྙད་དོ། ༣༣ ཡང་བྱ་བ་དེའི་ཕྱིར་ཨིས་ར་ཨེལ་གྱི་བུ་རྣམས་དགའ་བར་གྱུར་པས། ཨིས་ར་ཨེལ་གྱི་བུ་རྣམས་ཀྱིས་དཀོན་མཆོག་ལ་སྟོད་པར་བྱས་ཤིང་གང་དུ་རུ་བེན་དང་གད་གཉིས་ཀྱི་བུ་དག་གནས་པའི་ཡུལ་འཇིག་པའི་ཕྱིར་དེ་དག་ལ་དམག་འདྲེན་དུ་ཡར་འགྲོ་བའི་བསམ་པ་ལས་གྱུར་ཏོ༎
༣༤ ཡང་རུ་བེན་དང་གད་གཉིས་ཀྱི་བུ་རྣམས་ཀྱིས་མཆོད་ཁྲི་དེའི་མིང་ནི་ཡ་ཧོ་ཝཱ་ནི་དཀོན་མཆོག་ལགས་པས་ངེད་ཀྱི་ཕྱིར་དཔང་བྱེད་པ་འདི་ཡིན་ནོ་ཞེས་བཏགས་སོ༎